མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《སྒུལ་བདེའི་དྲ་སྦྲེལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་
གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྒུལ་བདེའི་དྲ་སྦྲེལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་དང་སྦྲགས་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          གཅིག དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་དབྱང་དྲ་རྒྱ་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཡོང་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་ཆབས་ཅིག་སྒུལ་བདེའི་དྲ་སྦྲེལ་བདེ་འཇགས་ཀྱི་ཉེན་ཁ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བ་དེས་སྒུལ་བདེའི་དྲ་སྦྲེལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཕོག་གི་ཡོད་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་བྱས་ནས་ཐག་གཅོད་བྱེད་དགོས།
         མཛུབ་ཁྲིད་བསམ་བློ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་དམ་པོར་དམིགས་རྒྱུ་དེ་ཡིན། 
        གཞི་རྩའི་རྩ་དོན་ནི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྒུལ་བདེའི་དྲ་སྦྲེལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲངས་འཛིན་གྱི་བར་མཚམས་ཆུང་དུ་གཏོང་བ་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་ནས་མི་དམངས་མང་ཚོགས་ཀྱིས་སྤྱོད་ཐུབ་པ་དང་ཡག་པོ་སྤྱོད་ཐུབ་པའི་སྒུལ་བདེའི་དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དེ་རེད།
         གཉིས། སྒུལ་བདེའི་དྲ་སྦྲེལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲོམ་རའི་འཇུག་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་འགྱུར་རིམ་སྤོར་མགྱོགས་སུ་གཏོང་དགོས་པ། ལྟེ་བའི་ལག་རྩལ་གྱི་མ་ལག་རང་བཞིན་ཚད་བརྒལ་ཡོང་བ་བྱེད་དགོས་པ། ཐོན་ལས་སྣོད་བཅུད་མ་ལག་གི་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ། ཤེས་བྱའི་བདག་དབང་སྤྱོད་རྒྱུ་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
         གསུམ། སྒུལ་བདེའི་དྲ་སྦྲེལ་གྱི་མཉམ་འགུལ་སྣེ་ཁྲིད་ཀྱི་ནུས་པར་ཤུགས་སྣོན་རྒྱག་དགོས། ཆ་འཕྲིན་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས་པ་དང་། དྲ་སྦྲེལ་གྱི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། ཆ་འཕྲིན་ཞབས་འདེགས་ཀྱིས་དམངས་ཡོངས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ། དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་དགོས། དྲ་རྒྱའི་རིག་གནས་དར་སྤེལ་དང་འཕེལ་རྒྱས་གཏོང་དགོས།
         བཞི། སྒུལ་བདེའི་དྲ་སྦྲེལ་གྱི་བདེ་འཇགས་ཉེན་ཁར་དོགས་ཟོན་བྱེད་དགོས། དྲ་རྒྱའི་བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ། དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་དགོས་པ། དྲ་རྒྱའི་དོ་དམ་ནུས་པ་ཆེ་རུ་གཏོང་དགོས།
        ལྔ། སྒུལ་བདེའི་དྲ་སྦྲེལ་གྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་དགོས། རྒྱལ་སྤྱིའི་མཉམ་ལས་བར་ཁྱམས་རྒྱ་ཆེར་གཏོད་དགོས་པ་དང་། གོ་ལ་ཧྲིལ་པོའི་སྒུལ་བདེའི་དྲ་སྦྲེལ་བཅོས་སྐྱོང་ལ་ཞུགས་དགོས་པ། རྒྱལ་སྤྱིའི་བརྒྱུད་བསྒྲགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། ཀྲུང་ཕྱི་གཉིས་ཀས་སྤྱོད་པའི་ཐ་སྙད་དང་། ཁྱབ་ཁོངས། བརྗོད་པ་བཅས་ཀྱིས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་ཀྲུང་གོའི་གཟུགས་བརྙན་མངོན་པ་བྱེད་དགོས།
         དྲུག  འགོ་ཁྲིད་སྒྲིག་འཛུགས་དང་ལས་ཀའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྤྱི་ཚོགས་ལ་ཞུགས་ཚད་རྒྱ་ཆེར་གཏོང་དགོས་པ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་པ། སྒུལ་བདེའི་དྲ་སྦྲེལ་གྱིས་སྡེ་ཚན་མང་པོར་དོ་དམ་བྱེད་པའི་ཁྲིམས་འཛིན་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། དྲ་རྒྱའི་ཁྲིམས་ལུགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་དགོས་པ། དྲ་དམངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས་པ། དམངས་ཡོངས་ཀྱི་དྲ་རྒྱའི་བྱང་ཚད་མཐོ་རུ་གཏོང་དགོས།