མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་དང་མེས་རྒྱལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོ་བཅས་ལ་དགའ་ཞེན་བྱེད་པའི་དཔེ་
བཟང་བ་ཞིག་བྱེད་དགོས་ཞེས་སྐུལ་ལྕག་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཕ་ཡུལ་ཤིན་ཅང་ཧོ་ཐེན་དུ་སྡོད་པའི་ཁུའར་པན·ཐུའུ་ལུའུ་མུའུ་ཡི་བུ་མོ་རྒན་པ་ཐུའོ་ཧུའུ་ཐི་ཧན·ཁུའར་པན་ལ་འཕྲིན་ལན་བསྲིངས་ནས་ཁོང་དང་ནང་མི་དང་དེ་བཞིན་ཡུལ་མི་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། མི་རིགས་ཁག་གི་མང་ཚོགས་སེའུ་འབྲུ་ལྟར་དམ་པོར་འབྲེལ་ནས་ཏང་གི་འགོ་ཁྲིད་འོག་ཤིན་ཅང་གི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་མཉམ་དུ་བསྐྲུན་རྒྱུའི་ཐུགས་རེའང་གནང་བ་རེད།
                འཕྲིན་ལན་ནང་ཞིས་ཅིན་ཕིང་གིས་ཁྱེད་ཀྱི་ཚ་མོ་རུའུ་ཁེ་ཡ་མུའུ་ཡི་འཕྲིན་ཡིག་ལས་ཁྱེད་རང་ལོ་ན་90ཙམ་དུ་སླེབས་ཀྱང་ད་དུང་ཐང་པོ་ཡོད་པ་དང་ཁྱེད་ནང་མི་ཉེ་འབྲེལ་100ལྷག་གིས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པར་གྱུར་པ་རྟོགས་པས། ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད།
              ཞིས་ཅིན་ཕིང་གིས། རང་རེའི་ཤིན་ཅང་ལུང་པ་སྐྱིད། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། ཁུའར་པན·ཐུའུ་ལུའུ་མུའུ་ནི་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་ཕུལ་བྱུང་དཔེ་མཚོན་ཞིག་ཡིན་པ་དང་། ང་ཆུང་དུས་ནས་ཏང་དང་རྒྱལ་ཁབ་ལ་དགའ་བའི་ཁོང་གི་གཏམ་རྒྱུད་གོ་མྱོང་བས་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་ཡོད། ལོ་ངོ་མང་པོའི་རིང་། ཁྱེད་ཀྱིས་རང་ཉིད་ཀྱི་ཕས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཀྱི་རྒྱུན་བསྐྱངས་ཏེ་རྗེས་རབས་པ་དང་ཡུལ་མི་རྣམས་ལ་མིག་དཔེ་བཟང་པོ་བསྟན་ཡོད། ཁྱེད་ཅག་ནང་མི་ཡོངས་ཀྱིས་ཨ་ཁུ་ཁུའར་པན་དང་འདྲ་བར་མུ་མཐུད་ཡུལ་མི་རྣམས་དང་ལྷན་དུ་ཏང་དང་། མེས་རྒྱལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོ་བཅས་ལ་དགའ་ཞེན་བྱེད་པའི་དཔེ་བཟང་བ་ཞིག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
               དུས་རབས་གོང་མའི་ལོ་རབས་50པར་ཤིན་ཅང་ཡུས་ཐེན་རྫོང་གི་ཞིང་པ་ཁུའར་པན·ཐུའུ་ལུའུ་མུའུ་ཡིས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲིན་གཟོའི་བསམ་པ་མཚོན་ཆེད་ཐེངས་མང་པོ“བོང་བུར་བཞོན་ནས་པེ་ཅིང་དུ་མའོ་ཀྲུའུ་ཞིར་འཚམས་འདྲི་ཞུ་བར་འགྲོ་རྩིས”བྱས་པ་དང་། ཕྱིས་སུ་མའོ་ཀྲུའུ་ཞིའི་མཇལ་འཕྲད་ཐེངས་གཉིས་ཐོབ་པ་རེད། མི་རྣམས་ཀྱིས་ཁོང་ལ་སྙིང་ཉེ་བའི་ངང“ཨ་ཁུ་ཁུའར་པན”ཞེས་འབོད་ཀྱི་ཡོད། ཐུའོ་ཧུའུ་ཐི་ཧན་ནི་ཁུའར་པན་གྱི་བུ་མོ་རྒན་པ་ཡིན་པ་དང་ཉེ་ཆར་དེའི་ཚ་མོ་རུའུ་ཁེ་ཡ་མུའུ·མའེ་ཐི་སའེ་ཡིས་ཞིས་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་པ་དང་། མེས་རྒྱལ་དང་ཤིན་ཅང་། ཕ་ཡུལ་བཅས་ལ་དགའ་བའི་བསམ་འདུན་མཚོན་པར་བྱས་པ་རེད།