མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དོགས་ཟོན་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་
བཏང་སྟེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་མི་དམངས་བདེ་སྡོད་ལས་
བརྩོན་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉེ་དུས་སྲིད་ཁྲིམས་ལས་དོན་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་རྒྱལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་དོགས་ཟོན་ཆེ་རུ་གཏོང་བ། ལས་ཀའི་མ་འོངས་སྔོན་མཐོང་གི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་འདུ་ཤེས་ཀྱི་བསམ་ཕྱོགས་དང་། སྒྲིག་གཞི་དང་ལམ་སྲོལ། བྱེད་ཐབས་དང་བྱ་ཐབས་བཅས་ཟམ་མི་ཆད་པར་གསར་གཏོད་ཀྱིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དོགས་ཟོན་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           ཞིས་ཅིན་ཕིང་གིས་ཉེ་བའི་ལོ་ཤས་ནང་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་མིག་སྔར་དམ་འཛིན་དང་། ཕུགས་ལ་དོན་གཉེར་བྱས་ཏེ་དུས་བདེའི་ཀྲུང་གོ་དང་། ཁྲིམས་སྐྱོང་ཀྲུང་གོ ཉམས་སད་ཐེག་ཐུབ་པའི་དཔུང་ཁག་བསྐྲུན་པ་བཅས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ལེགས་སྐྱེས་གལ་ཆེན་འབུལ་དགོས་ལུགས་བསྟན་གནང་བ་རེད།
           ཞིས་ཅིན་ཕིང་གིས་2017ལོ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་པས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་ལྷག་དོན་དུ་སྲིད་དབང་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་འགལ་བ་དང་གནད་དོན་མང་པོར་སྔོན་དཔག་བྱེད་པ་དང་། སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བ། སྔོན་འགོག་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྙིང་རུས་ལྷོད་མེད་ཀྱིས་སྐུལ་མ་བཏང་སྟེ་ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཆོད། ཀུན་གྱིས་ཡིད་ཆེས་བྱེད་ཤུགས་བཅས་སྔར་བས་ཆེ་རུ་གཏོང་དགོས། རྒྱུན་བསྲིངས་ལྷོད་མེད་ངང་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་སྣོད་བཅུད་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
           ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་ཀྱིས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་འབྱུང་རྩའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་དུས་བདེ་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཐུབ་པ་བྱེད་དགོས། སྲིད་ཁྲིམས་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་སྲིད་ཁྲིམས་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་ལེགས་འདེམས་དང་བཀོད་སྒྲིག་ཡག་པོ་བྱས་ནས་སྲིད་ཁྲིམས་ལས་ཀར་ཚོད་འཛིན་བཟོ་བའི་སྒྲིག་གཞིའི་རང་བཞིན་དང་ལམ་སྲོལ་རང་བཞིན་གྱི་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་ཏེ་དུས་བབ་གསར་པའི་འོག་སྲིད་ཁྲིམས་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
           ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུ་ཚེས་12ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་ཆབས་ཅིག་གསུང་བཤད་ཀྱང་གནང་བ་རེད།
           ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་དང་དེ་བཞིན་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བརྟན་ཁྲོད་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་བརྟན་པོ་བཙུགས་ཐོག་ལས་ཀའི་མ་འོངས་སྔོན་མཐོང་གི་རང་བཞིན་ཆེ་རུ་ཏན་ཏིག་བཏང་སྟེ་འདུ་ཤེས་གསར་གཏོད་སྣེ་འཁྲིད་དུ་བྱེད་པ་དང་ཁྲིམས་འཛིན་གྱི་སྒྲིག་གཞི་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་དེང་རབས་ཀྱི་ཚན་རྩལ་བྱ་ཐབས་ཧུར་ཐག་སྤྱད་དེ་ཕྱོགས་གཅིག་ནས་ནན་ལ་ཏན་ཏིག་དང་ཞིབ་ཚགས་པོས་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་འབྱུང་རྩའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་གནད་དོན་ཐག་གཅོད་གཏིང་ཟབ་བྱས་ཏེ་དུས་བདེའི་ཀྲུང་གོ་དང་། ཁྲིམས་སྐྱོང་ཀྲུང་གོ ཉམས་སད་ཐེག་ཐུབ་པའི་དཔུང་ཁག་བཅས་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱས་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་སྔར་བས་མཐོ་རུ་དང་། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམས་ཚད་ཆེ་རུ་བཅས་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་པ་དང་ཁྲིམས་སྐྱོང་ཁོར་ཡུག་གཞུང་དྲང་ཚད་ལྡན་བཟོས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།