མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་སུའུ་ལི་ཧྲེར་ཕེབས་འབྱོར་ཟིན་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་དུ་རྒྱལ་
དོན་འཚམས་འདྲི་གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་སུའུ་ལི་ཧྲེར་ཕེབས་འབྱོར་ཟིན་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་དུ་རྒྱལ་
དོན་འཚམས་འདྲི་གནང་འགོ་ཚུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཆེད་གཏོང་གནམ་གྲུར་ཞུགས་ནས་སུའུ་ལི་ཧྲེར་ཕེབས་འབྱོར་ཟིན་ཏེ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་དུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
           ས་གནས་དེ་གའི་དུས་ཚོད་ཉིན་དགུང་ཆུ་ཚོད་12དང་སྐར་མ་40ཡི་ཐོག་ཆེད་གཏོང་གནམ་གྲུ་སུའུ་ལི་ཧྲེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་ཞིས་ཅིན་ཕིང་དང་སྐུ་ཟླ་ཕུང་ལི་ཡོན་རྣམ་གཉིས་གནམ་གྲུའི་སྒོ་ནས་ཐོན་གནང་ཞིང་། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལོ་དབྱི་ཐེ་ཧ་ཏེ་དང་སྐུ་ཟླ་ཧའོ་སེན་སྐུ་ངོ་མ་གནམ་ཐང་དུ་ཕེབས་བསུར་བཅར་ཏེ་སྐས་ཀའི་འགྲམ་དུ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་གནང་བ་དང་སུའེ་ཙེར་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་རུ་སྟར་སྒྲིག་ནས་དགའ་བསུ་ཞུས་པ་རེད། ས་གནས་དེ་གའི་བྱིས་པས་ཞིས་ཅིན་ཕིང་དང་ཕུང་ལི་ཡོན་རྣམ་གཉིས་ལ་མེ་ཏོག་སོས་པ་ཕུལ་བ་རེད།
           ལོ་དབྱི་ཐེ་ཧ་ཏེས་གནམ་ཐང་དུ་ཞིས་ཅིན་ཕིང་དང་ཕུང་ལི་ཡོན་རྣམ་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ཞིས་ཅིན་ཕིང་གིས་སུའེ་ཙེར་ཕྱོགས་ཀྱི་དཔོན་རིགས་གཙོ་བོ་ལ་ཕྱག་བཏང་གནང་བ་དང་ལོ་དབྱི་ཐེ་ཧ་ཏེ་ཡིས་ཀྲུང་གོ་ཕྱོགས་ཀྱི་སྐུ་འཁོར་ཚོར་ཕྱག་བཏང་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་ས་གདན་དམར་པོའི་ཐོག་ནས་གཟིགས་ཞིབ་གནང་ཡུལ་དུ་ཕེབས་པ་རེད། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་རེད། ལོ་དབྱི་ཐེ་ཧ་ཏེ་ཡི་ཕེབས་རོགས་འོག་ཞིས་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་སུའེ་ཙེར་མི་དམངས་ཚོར་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་འགྲོ་འོང་དང་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་དབར་འབྲེལ་བ་བཙུགས་ཚུན་ལོ་67གྱི་ནང་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་ལྟ་རེས། གཉིས་ཁེ་གཉིས་ཕན་བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་དང་རྒྱལ་སྤྱིའི་གནད་དོན་ཁྲོད་ཀྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། 2016ལོར་ཀྲུང་གོ་དང་སུའེ་ཙེར་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ངས་སུའེ་ཙེར་ཕྱོགས་ཀྱི་འགོ་ཁྲིད་དང་ལས་རིགས་ཁག་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ད་རེས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་བ་དང་། ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་རྒྱ་ཆེར་འགྲོ་བ། ཀྲུང་གོ་དང་སུའེ་ཙེར་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བའི་ནང་དོན་ཕུན་སུམ་ཚོགས་སུ་འགྲོ་བ། ཀྲུང་གོ་དང་སུའེ་ཙེར་དབར་གྱི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཐུབ་པ་མ་ཟད་ཐུན་མོང་ཐོག་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྣོན་རྒྱུའི་རེ་བ་ཡོད། ངོས་ད་དུང་ཟླ་ཨའོ་སི་རུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་2017ལོའི་ལོ་ཚོགས་ལ་ཞུགས་རྒྱུ་དང་འབྲེལ་རི་ནེ་བ་དང་ལོ་སང་དུ་རྒྱལ་སྤྱིའི་རྩ་འཛུགས་མང་པོར་འཚམས་འདྲི་བྱེད་པར་བསྐྱོད་རྒྱུ་ཡིན། ཀྲུང་གོ་དང་སུའེ་ཙེར་ཕྱོགས་གཉིས་པོ་དང་འབྲེལ་ཡོད་ཕྱོགས་ཀྱི་ཐུན་མོང་འབད་བརྩོན་འོག་ད་རེས་ཀྱི་འཚམས་འདྲིར་ཕན་འབྲས་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།