མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཆུ་ཚད་གསར་པའི་ཐོག་སླེབས་པ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུར་རྣམ་པ་ཡག་པོ་གཏོད་རྒྱུ་ནི་འདི་ལོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱིས་ངེས་པར་དུ་དམ་འཛིན་བྱེད་དགོས་པའི་གཙོ་གནད་ཡིན་པས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། “འདུ་ཤེས་བཞི”བརྟན་པོ་བཙུགས་ནས་ཀྲུང་དབྱང་གི་བྱེད་ཕྱོགས་སློབ་སྦྱོང་ནན་པོ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བཅས་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྲིད་ཇུས་ཁག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། དགོངས་སྐོར་སྙན་སེང་ལམ་ལུགས་ལག་བསྟར་ཏན་ཏིག་བྱེད་པ། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་དེ་བྱ་སྤྱོད་ནང་དོན་འཁྱོལ་དང་ལས་དོན་ཁག་ནང་དོན་འཁྱོལ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་མཛད་ཇུས་གལ་ཆེན་གྱི་བྱེད་ཕྱོགས་གཏན་འཁེལ་ཁ་གསལ་བྱས་པས། འགག་རྩ་ནི་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་མི་སྣའི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ཤིན་ཅང་དང་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ཕུགས་ཀྱི་ཇུས་གཞི་འདིང་བ་དང་འབད་བརྩོན་ཧུར་ཐག་བྱས་ཏེ་སྣང་མེད་ངང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ལྟ་སྟངས་གཅིག་པ་འཛིན་པ་དང་ཁྲིམས་བཞིན་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཞབས་ཞུ་དང་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས། ཚད་གཞི་དང་། གོ་རིམ། སྒྲིག་ཁྲིམས་བཅས་ནན་དུ་བཏང་ནས་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་འཐབ་ཕྱོགས་གཅིག་གྱུར་ནི་ཚན་རིག་ཞིག་ཡིན་པས། དེར་རང་ཉིད་ཀྱི་ཆོས་ཉིད་ལྡན་ཡོད། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བྱེད་པོ་ནི་རིམ་ཁག་ཏང་རྩ་འཛུགས་ཡིན་པས། ཏང་འཛུགས་སྐྱོང་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱས་ནས་མཉམ་དུ་སྐུལ་འདེད་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ངོ་བོ་ནི་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་རྒྱུ་དེ་ཡིན་པས། ངེས་པར་དུ་མནའ་མཐུན་པའི་ཁེ་ཕན་ལ་ལྟ་རྟོག་དང་འཐབ་ཕྱོགས་གཅིག་གྱུར་ཁོངས་མིའི་བསམ་བློ་དང་བསམ་པའི་དགོས་མཁོར་དོ་ཁུར་བྱས་ནས་ཏང་ཕྱིའི་མི་སྣས་ནུས་པ་ཧུར་ཐག་འདོན་ཆེད་གར་སྟེགས་གཏོད་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྲོག་ཤིང་ནི་སྲིད་ཇུས་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ཡིན་པས། སྲིད་ཇུས་མཐུན་སྦྱོར་གྱི་འབྲེལ་བ་སྤྱོད་མཁས་པོ་བྱེད་པ་དང་། སྲིད་ཇུས་ཞིབ་འཇུག་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགག་རྩ་ནི་སྟངས་འཛིན་ཚད་རན་པོ་བྱ་རྒྱུ་དེ་ཡིན་པས། འཐབ་ཕྱོགས་གཅིག་གྱུར་ནང་གི་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་བྱ་རྒྱུ་དེ་ཞིབ་ཕྲའི་ཆ་རྐྱེན་ལ་བརྩིས་ནས་མནོ་བསམ་གཏོང་དགོས་པ་དང་སྤྱི་ཡོངས་ཁྲོད་བཞག་ནས་བསམ་བློ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བྱེད་ཐབས་གལ་ཆེན་ནི་མཐུན་འབྲེལ་མཛའ་གྲོགས་ཡིན་པས། བསམ་བློ་བརྗེ་རེས་དང་ལྟ་ཚུལ་བརྗེ་རེས་བཅས་བྱས་ནས་འདྲ་མཉམ་གླེང་མོལ་ཁྲོད་བརྩེ་བ་ཟབ་ཏུ་དང་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཆོད་གཏམ་གསར་པ་དང་། རིགས་པའི་གཞུང་ལུགས་གསར་པ། འདུ་ཤེས་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས། འདི་ལོ། “དོན་འཁྱོལ་གྱི་ལོ”དང“གསར་གཏོད་ཀྱི་ལོར”བརྩིས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་གཙོ་རྐང་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཐོག འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁྱབ་ཁོངས་ཁག་གི་གཙོ་གནད་ལས་དོན་ཡག་པོ་དང་ཏན་ཏིག་སྒྲུབ་དགོས། དྲ་རྒྱའི་ཐོག་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤེལ་རྒྱུ་འཚོལ་ཞིབ་དང་བཀོལ་སྤྱོད་བྱས་ཏེ་ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ་དང་། དཀའ་གནད་ཐག་གཅོད་བྱེད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་དང་། འགན་འཁྲི་ཁུར་ཕོད་པ། སྤྱོད་ཚུལ་ལེགས་པ། འཇོན་ཐང་ལ་སྣང་ཆེན་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་བྱང་ཚད་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།