མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་ལ་གོ་གནས་སྤོར་བའི་མཛད་སྒོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་30ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་ལ་གོ་གནས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་ལ་གོ་གནས་སྤར་བའི་དམག་དཔོན་ལ་བཀའ་བཀོད་ལག་ཁྱེར་གནང་བ་རེད།
          སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ལ་གོ་གནས་སྤོར་བའི་མཛད་སྒོ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་ལ་གོ་གནས་སྤོར་རྒྱུའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་གོ་གནས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
          ད་རེས་ཧྲང་ཅང་དམག་དཔོན་ལ་གོ་གནས་སྤར་བའི་དམག་དཔོན་གྲས་སུ། དབུས་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཧན་ཝུའེ་གོ་དང་། སྐམ་དམག་གི་ཆབ་སྲིད་ཨུ་ཡོན་ལིའུ་ལེ། མཁའ་དམག་གི་ཆབ་སྲིད་ཨུ་ཡོན་ཡུས་ཀྲུང་ཧྥུའུ། མེ་ཤུགས་འཕུར་མདའ་དམག་གི་ཆབ་སྲིད་ཨུ་ཡོན་ཝང་ཅ་ཧྲེང་། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་སི་ལིང་ཡོན་ཀའོ་ཅིང་བཅས་ཡོད།
          ཧྲང་ཅང་དམག་དཔོན་དུ་གོ་གནས་སྤར་བའི་དམག་དཔོན་ལྔ་ཡིས་གཙང་ལ་གྲ་འགྲིག་པའི་དམག་ཆས་སྤྲས་པ་དང་དཔའ་ཉམས་ཆེར་སྐྱེད་ཀྱིས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཏུ་ཡོང་ཞིང་། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་བཀོད་ལག་ཁྱེར་གནང་བ་མ་ཟད། ཁོང་ཚོར་བྱམས་བརྩེའི་ངང་ཕྱག་བཏང་ནས་རྟེན་འབྲེལ་ཡང་ཞུས་པ་རེད། ཧྲང་ཅང་དམག་དཔོན་གོ་གནས་ཀྱི་དཔུང་རྟགས་བཏགས་པའི་དམག་དཔོན་ལྔ་ཡིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པར་ཚོགས་ར་ཡོངས་ནས་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྡིར་བ་ལྟར་གྲགས།
          གོ་གནས་སྤོར་བའི་མཛད་སྒོ་སྐད་གསང་མཐོན་པའི་དམག་གླུའི་སྒྲའི་ཁྲོད་མཇུག་འགྲིལ་བ་དང་། དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་ལ་གོ་གནས་སྤར་བའི་དམག་དཔོན་དང་དྲན་རྟེན་སྐུ་པར་བསྐྱོན་པ་རེད།