མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་དུ་མཇུག་འགྲིལ་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་དགོང་མོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཐེན་ཅིན་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད།
         དགོང་མོའི་ཆུ་ཚོད་8པའི་ཐོག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མཇུག་འགྲིལ་མཛད་སྒོ་ཐེན་ཅིན་ལུས་རྩལ་ཁང་དུ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་རེད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་གླུའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དར་དལ་གྱིས་ཕབ་པ་དང་ཉིན་13འབར་བའི་དཔལ་འབར་གཙོ་བོའི་མེ་དལ་གྱིས་གཟིམ་པ་རེད།
        ལིའུ་ཡན་ཏུང་དང་། དབྱང་ཅིང་། ཨའེ་ལི་ཀེན ·དབྱི་མིང་པ་ཧའེ། ཁྲེན་ཞའོ་ཀོང་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའུ་ཧྲེང་ལི་མཇུག་འགྲིལ་མཛད་སྒོར་ཕེབས་ཡོད་པ་རེད།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་མ་འཚོག་གོང་གཉེར་བའི་ཆུ་ཚད་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་གཟབ་རྒྱས་ཤིག་ཡིན་ལ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་རེ་ཞུ་ལེགས་གྲུབ་བྱུང་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་རྗེས་གཉེར་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་གལ་ཆེན་ཞིག་ཀྱང་རེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་གསར་གཏོད་བྱ་ཐབས་མང་པོ་བཏོན་ཡོད་པ་སྟེ། མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་ལུས་རྩལ་པ་འགྲན་བསྡུར་ནང་ཞུགས་རྒྱུར་གདན་དྲངས་པ། གསེར་གྱི་རྟགས་མའི་བང་རིམ་དང་བྱ་དགའི་རྟགས་མའི་ཨང་རིམ་བཀོད་སྒྲིག་མ་བྱས་པ། རྩལ་ཁྲིད་པ་དང་བྱ་དགའ་ཐོབ་མཁན་བདམས་ཐོན་པ་མཉམ་དུ་སྡིངས་ཆའི་ཐོག་བྱ་དགའ་ལེན་རྒྱུར་གདན་དྲངས་པ་སོགས་ཡིན་པ་དང་། དེ་ཐོག་ནས“མི་དམངས་ལྟེ་བར་འཛིན་པའི”འགྲན་བསྡུར་གཉེར་བའི་འདུ་ཤེས་གསལ་བཤད་བྱས་ཡོད་ལ“དམངས་ཡོངས་ཀྱི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས”ཀྱི་ལེའུ་གསར་པའང་བརྩམས་ཡོད། འགྲན་བསྡུར་གཉེར་མཁན་ཐེན་ཅིན་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་གྱིས“གསར་གཏོད་དང་། བདེ་འཇགས། གྲོན་ཆུང་། ལྗང་མདོག ལྟད་མོ་ཆེ་བ”བཅས་ཀྱི་འདུ་ཤེས་ལ་གཞིགས་ནས་ལུས་རྩལ་པ་རྣམས་ལ་སྟོབས་ཤུགས་གང་ཡོད་བཏོན་ནས་འབད་འཐབ་བྱེད་པའི་རྒྱ་ཆེ་བའི་འགྲན་ར་ཞིག་བཏོད་ཡོད་ལ་རྒྱལ་ཡོངས་མི་དམངས་ལ་ལྟད་མོ་ཆེ་བའི་ལུས་རྩལ་འགྲན་བསྡུར་ཞིག་ཀྱང་མིག་ལམ་དུ་བཤམས་ཡོད་པ་རེད།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་གཞོན་པ་ཐེན་ཅིན་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཏོན་ཁྲུན་ཧྭ་ཡིས་མཇུག་འགྲིལ་མཛད་སྒོ་གཙོ་སྐྱོང་གནང་བ་རེད། འཐུས་མི་ཚོགས་པ་ཁག་གི་ཚོགས་དར་དང་ལུས་རྩལ་པའི་འཐུས་མི་ལུས་རྩལ་ཐང་དུ་འཛུལ་རྗེས་ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད། དེ་རྗེས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་དབྱིང་ཁྲོན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་འགྲན་ཞུགས་འཐུས་མི་ཚོགས་པའི་ལུས་རྩལ་གྱི་ཀུན་སྤྱོད་དར་སྲོལ་བྱ་དགའ་དང་འགྲན་ཞུགས་དྲན་གསོའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་སྒྲོག་སྦྱངས་གནང་བ་རེད།
        རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཏུང་ཕུང་གིས་མཇུག་འགྲིལ་མཛད་སྒོའི་ཐོག་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལ་བརྟེན་ནས་བྱུང་བ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སོགས་པུའུ་ཨུད་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་འཐུས་མི་ཚོགས་པ་ཁག་དང་དེ་བཞིན་ལུས་རྩལ་པ་དང་། རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ཀྱི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་བྱུང་བ། སྤྱི་ཚོགས་ལས་རིགས་ཁག་དང་། གསར་འགྱུར་སྨྱན་སྦྱོར་ཚན་པ། རྒྱ་ཆེའི་དང་བླངས་པ་དང་གྲོགས་པོ་རྣམས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་། ཟོལ་མེད་ཀྱི་རོགས་རམ། སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། མཚམས་འདིར་ངས་ཀྲུང་གུང་ཐེན་ཅིན་གྲོང་ཨུད་དང་ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། “རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་དམངས་ཡོངས་ལ་ཕན་པ་ཐོབ་པ་དང་བདེ་ཐང་ཀྲུང་གོའི”འདུ་ཤེས་མི་ཀུན་གྱི་སེམས་ནང་ནམ་ཡང་གནས་ངེས་ཡིན་ཞེས་གསུངས་པ་རེད།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀོའུ་ཀྲུང་ཝུན་གྱིས་མཇུག་འགྲིལ་ཤིས་ཚིག་བསྒྲོན་སྐབས་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་པས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་དང་གསོན་ཤུགས་འཕེལ་ཡོད་ལ་ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གྱི་གྲུབ་འབྲས་གཉིས་ཀ་ཐོབ་ཡོད། སྤྲོ་སེམས་འཁོལ་བ་དང་ལྟད་མོ་ཆེ་བའི་ལུས་རྩལ་བྱེད་སྒོ་གཟབ་རྒྱས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་ཕྱག་རྟགས་གྱ་ནོམ་པ་ཞིག་ཕུལ་ཡོད་ཅེས་གསུངས་པ་རེད།
         མཇུག་འགྲིལ་མཛད་སྒོའི་ཐོག་ཐེན་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཏུང་ཕུང་གིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀོའུ་ཀྲུང་ཝུན་ལ་སྤྲད་པ་དང་། དེ་རྗེས་ཀོའུ་ཀྲུང་ཝུན་གྱིས་ཚོགས་དར་དེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་གཉེར་འགན་ཁུར་མཁན་གྱི་འཐུས་མི་ཧྲའན་ཤིས་ཞིང་ཆེན་གྱི་ཧྲེང་ཀྲང་ཧུའུ་ཧེ་ཕིང་ལ་སྤྲད་པ་རེད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་2021ལོར་ཧྲའན་ཤིས་ཞིང་ཆེན་དུ་གཉེར་རྒྱུ་ཡིན་པ་རེད།
         རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་ཟླ་8ཚེས་27ཉིན་ཐེན་ཅིན་དུ་གཉེར་འགོ་ཚུགས་པ་རེད། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ལུས་རྩལ་པ་ཁྲི་2ལྷག་ཙམ་གྱིས་རྩལ་འགྲན་ལུས་རྩལ་རྣམ་གྲངས་33དང་མང་ཚོགས་ཀྱི་ལུས་རྩལ་རྣམ་གྲངས་19ཡི་བྱ་དགའི་རྣམ་གྲངས་543ནང་ཞུགས་པ་རེད། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་མི་3དང་རུ་ཁག་1གིས་འཛམ་གླིང་གི་ཟིན་ཐོ་ཁག་4གཏོར་བ་དང་། མི་2ཀྱིས་ཨེ་ཤེ་ཡའི་ཟིན་ཐོ་ཁག་3གཏོར་བ། མི་9དང་རུ་ཁག་1གིས་རྒྱལ་ཡོངས་ཀྱི་ཟིན་ཐོ་ཁག་11ཐེངས་11བཏོད་ཡོད་པ་རེད།
         ད་དུང་མཇུག་འགྲིལ་མཛད་སྒོའི་ཐོག་《ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་》ཞེས་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་དང་ལུས་རྩལ་འགྲེམས་འཁྲབ་བྱས་པ་རེད།