མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང“འབོ་གསེར+”འགོ་ཁྲིད་མི་སྣའི་གླེང་མོལ་ཚོགས་འདུར་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་29ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང“འབོ་གསེར+”འགོ་ཁྲིད་མི་སྣའི་གླེང་མོལ་ཚོགས་འདུར་ཕེབས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་27ཉིན། “འབོ་གསེར+”འགོ་ཁྲིད་མི་སྣའི་གླེང་མོལ་ཚོགས་འདུ་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་ཤིང་། ཚོགས་ཞུགས་འགོ་ཁྲིད་མི་སྣས་མཉམ་དུ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཇུས་ཆེན་གླེང་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
         ཞི་ཅིན་ཕིང་གིས་མིག་སྔའི་འཛམ་གླིང་འདི་ཉིད་འཕེལ་རྒྱས་ཆེ་མོ་དང་། འཕོ་འགྱུར་ཆེ་མོ། ལེགས་སྒྲིག་ཆེ་མོ་བཅས་ཀྱི་དུས་སྐབས་སུ་སླེབས་པས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐུན་མོང་གི་གོ་སྐབས་དང་འགྲན་སློང་འཕྲད་བཞིན་ཡོད། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྔར་བས་གལ་ཆེ་བར་འགྱུར་བཞིན་ཡོད་ཅེས་གསུངས་པ་སྟེ།
         གཅིག་ནས། “འབོ་གསེར+”མཉམ་ལས་རྒྱ་ཆེར་བཏང་སྟེ་གཉིས་ཁེའི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་ཟབ་ཏུ་གཏོང་དགོས་ཤིང་། ང་ཚོས་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་རྒྱབ་སྐྱོར། ལྟ་རེས་སྲུང་རེས་བཅས་བྱས་ཏེ“འབོ་གསེར+”མཉམ་ལས་གོ་སྐབས་སུ་བརྩི་བ་དང་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླའི་འབྲེལ་བ་ཞིག་བཙུགས་ནས་ལྷོ་ལྷོ་མཉམ་ལས་ཀྱི་ལས་སྟེགས་གཏོད་པ་དང་ཟབ་ཏུ་གཏོང་དགོས།
         གཉིས་ནས། “འབོ་གསེར+”མཉམ་ལས་རྒྱ་ཆེར་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མཉམ་དུ་སྔོག་འདོན་བྱེད་དགོས་ཤིང་། ང་ཚོས་མཉམ་དུ་གོ་སྐབས་སྟངས་འཛིན་གྱིས་ད་ཐེངས་ཀྱི་མཇལ་འཛོམས་བརྒྱུད་བཙུགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བས་འཕེལ་རྒྱས་ལ་ཕྱོགས་པའི་མཐོ་ས་བཟུང་ནས་ལེགས་ཆ་གསབ་རེས་དང་མཐུན་སྦྱོར་ཕན་འབྲས་གང་ལེགས་བཏོན་ཏེ་གསར་གཏོད་དང་། མཉམ་འགུལ། བསྟུན་མཁས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས།
         གསུམ་ནས། “འབོ་གསེར+”མཉམ་ལས་རྒྱ་ཆེར་བཏང་སྟེ་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལེགས་པོ་ཞིག་མཉམ་དུ་གཏོད་དགོས་ཤིང་། ང་ཚོས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་ཞིག་གཏོད་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས།
         བཞི་ནས། “འབོ་གསེར+”མཉམ་ལས་རྒྱ་ཆེར་བཏང་སྟེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་མཉམ་དུ་གཏོད་དགོས་ཤིང་། ང་ཚོས་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཐུན་མོང་ཐོག་དོན་འཁྱོལ་བྱས་ཏེ་ལྷོ་བྱང་མཉམ་ལས་དེ་ཉིད་ཐབས་ལམ་གཙོ་བོར་འཛིན་པ་དང་ལྷོ་ལྷོ་མཉམ་ལས་དེ་ཉིད་ཁ་གསབ་ཏུ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་པ་ཞིག་མཐའ་འཁྱོངས་བྱེད་དགོས།
         ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་སླར་ཡང་ཨ་ཧྥེ་རི་ཁར་བྱས་པར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ད་ཐེངས་ཀྱི་གླེང་མོལ་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་འབོ་གསེར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་དགོས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་ད་བར་གྲོགས་པོ་བཟང་པོ་དང་། རོགས་ཟླ་བཟང་པོ། སྤུན་གྲོགས་བཟང་པོ་བཅས་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། 
         ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་མཉམ་ལས་ཀྱི་རྣམ་པ་ཞིག་ཆགས་ཏེ་དམངས་ཚོགས་དུང་ཕྱུར་མང་པོར་ཕན་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་རྒྱལ་སྤྱིའི་རྣམ་པར་འགྱུར་ལྡོག་ཇི་འདྲ་བྱུང་ཡང་། ལྷག་བསམ་ཟོལ་མེད་ཀྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་བཟུང་ནས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་དང་དར་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། འདི་ལོའི་ཟླ་9པར་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོག་རྒྱུ་རེད། ངས་ཨ་ཧྥེ་རི་ཁའི་འགོ་ཁྲིད་མི་སྣ་དང་པེ་ཅིང་དུ་འཛོམས་ནས་ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་།
         ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། དེ་དང་ཆབས་ཅིག་ཀྲུང་གོ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་གནས་བབ་ལ་འགྱུར་ལྡོག་བྱུང་མེད། ཕྱིས་སུ་ཀྲུང་གོ་འཕེལ་རྒྱས་ཇི་ལྟར་ཕྱིན་ཡང་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ་བློ་བརྟན་འགྱུར་མེད་ངང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་ཚང་མ་དང་མཉམ་དུ་རོགས་ཟླའི་འབྲེལ་བ་དམ་ཟབ་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་གཞོལ་རྒྱུ་ཡིན། ང་ཚོས“འབོ་གསེར+”མཉམ་ལས་ལས་སྟེགས་སུ་བྱས་ཏེ། ཕྱར་བ་གྲུ་འདེགས་དང་འབད་འབུངས་སྟོབས་བརྩོན་གྱིས་ལག་གདང་སྦྲེལ་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐུན་མོང་འཕེལ་རྒྱས་ཁྲོད་ནས་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         གླེང་མོལ་ཚོགས་འདུར་ཕེབས་པའི་འགོ་ཁྲིད་མི་སྣ་གཞན་དག་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གཡོད་ཧན་ནེ་སི་པའོ་ཡི་མཇལ་འཛོམས་ལ་ཞ་མོན་མཇལ་འཛོམས་ཀྱི་བྱེད་སྟངས་རྒྱུན་འཛིན་བྱས་ཏེ་མུ་མཐུད“འབོ་གསེར+”འགོ་ཁྲིད་མི་སྣའི་གླེང་མོལ་ཚོགས་འདུ་འཚོགས་པར་བསྔགས་བརྗོད་བྱས་པ་མ་ཟད། དེ་ཐོག་ནས་འབོ་གསེར་མཉམ་ལས་ཀྱི་བསྟུན་མཁས་རང་བཞིན་མངོན་ཡོད་ཅེས་བསྔགས་བརྗོད་བྱས་ཁར། གླེང་མོལ་ཚོགས་འདུ་དེ་ཉིད་ལམ་སྲོལ་ཅན་དུ་འགྱུར་རྒྱུར་རྒྱབ་སྐྱོར་བྱས་ཏེ་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་རྒྱ་ཁྱབ་ངང་བཙུགས་ནས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།