མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་མཇལ་འཛོམས་བྱུང་ནས་ལོ་བཅུ་འཁོར་
བར་དྲན་གསོ་ཞུ་བའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་29ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་27ཉིན། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་མཇལ་འཛོམས་བྱུང་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུ་བའི་དངོས་གཞི་མིན་པའི་ཚོགས་འདུ་ཚེས་27ཉིན་གཡོད་ཧན་ནེ་སི་པའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས། པར་ཙིར་གྱི་ཙུང་ཐུང་ཐེ་མེར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
         ཚོགས་ཞུགས་འགོ་ཁྲིད་མི་སྣ་ཚོས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་མཇལ་འཛོམས་བྱུང་ནས་ལོ་བཅུ་འཁོར་ཚུན་འབོ་གསེར་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་གདེང་འཇོག་བཟང་པོ་བྱས་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་འབྱུང་འགྱུར་མཉམ་ལས་ལ་ཐབས་འདོན་ཇུས་འགོད་བྱེད་པའི་ཐད་ལག་གདང་སྦྲེལ་ནས་བསྟུན་མཁས་ངང་འཕར་བ་དང་ཐུན་མོང་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་དུས་ཐུང་ལོ་10ཡི་ནང་འབོ་གསེར་གྱི་མཉམ་ལས་དེ་དཔལ་འབྱོར་ཐ་སྙད་ཅིག་ནས་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་ཞིག་ཏུ་གྱུར་ཏེ་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བ་དང་འོད་སྟོང་ལྡན་པའི་མདུན་ལམ་མངོན་ཡོད། འབྱུང་འགྱུར་ལོ་10ནི་འབོ་གསེར་རྒྱལ་ཁབ་འཕེལ་རྒྱས་འགག་རྩའི་དུས་མཚམས་སུ་སླེབས་པ་དང་གོ་སྐབས་དང་འགྲན་རྩོད་ཆེན་པོ་འཕྲད་པའི་ལོ་10ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་པ་དང་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ནས་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་དང་མཐུན་པ་བྱས་ཏེ་འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ་ཚན”གཉིས་པ་དེ་ཧུར་ཐག་གཏོད་དགོས་པ་སྟེ། གཅིག་ནས་འབོ་གསེར་གྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ་དང་། འབོ་གསེར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ། འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་སྤྱིའི་ཐོག་འབོ་གསེར་གྱི་ནུས་པ་འདོན་སྤེལ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུར་སྐུལ་མ་གཏོང་བ། ཐུན་མོང་གི་ཁེ་ཕན་དང་འཕེལ་རྒྱས་ཀྱི་བར་མཐོངས་ལ་སྲུང་སྐྱོང་བཅས་བྱེད་དགོས་པ་དང་། གཉིས་ནས“འཁོར་གསུམ་སྒུལ་སྐྱོད”མཐའ་འཁྱོངས་བྱས་ཏེ་འབོ་གསེར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་མུ་མཐུད་ཚོང་དོན་མ་འཇོག་གི་ཁྲོམ་ར་ཆེ་མོ་དང་། དངུལ་ལོར་གྱི་དངུལ་རྩའི་འགྲོ་རྒྱུག་ཆེ་མོ། རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་ཆེ་མོ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཆེ་མོ་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་དེ་བས་མང་བ་གཏོད་པ་དང་མཐུན་སྦྱོར་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས་པ། གསུམ་ནས“འབོ་གསེར+”གྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་རོགས་ཟླའི་འབྲེལ་བ་རྒྱ་ཁྱབ་ངང་བཙུགས་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ཚང་མ་འབོ་གསེར་གྱི་མཉམ་ལས་ནང་ཞུགས་སུ་བཅུག་སྟེ་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དང་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ནམ་ཡང་ཉམས་རྒུད་དུ་མི་འགྲོ་བ་བྱེད་པའི་གཞི་རྩའི་སྒུལ་ཤུགས་ནི་ང་ཚོས་འཕེལ་རྒྱས་དེ་བས་ཆེ་བ་འཚོལ་ཞིབ་དང་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བའི་ཐུན་མོང་གི་དོན་གཉེར་ཞིག་དང་ང་ཚོས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ལ་ཐུན་མོང་ཐོག་ཡིད་སྨོན་བྱས་པ་ལས་བྱུང་བ་ཞིག་རེད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་འབོ་གསེར་མཉམ་ལས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་དམངས་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཐོབ་པ་བྱས་ཏེ“གསེར་མདོག་ཅན་གྱི་ལོ་བཅུ་ཚན”གཉིས་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚོགས་ཞུགས་འགོ་ཁྲིད་མི་སྣ་གཞན་གྱིས་2009ལོའི་ཡེ་ག་ཅེ་ལིན་པའོ་ཡི་མཇལ་འཛོམས་ནས་འདི་ལོའི་གཡོད་ཧན་ནེ་སི་པའོ་ཡི་མཇལ་འཛོམས་བར་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དེ་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་བརྒྱུད་ཡོད་པ་དང་རྒྱལ་ཁབ་ལྔ་པོའི་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད་ལ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།