མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་བོད་ལྗོངས་སུ་བརྟག་ཞིབ་གནང་སྐབས་དབུལ་སྒྲོལ་འགག་སྒྲོལ་དང་མི་རིགས་ཆོས་ལུགས་
ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས་བོད་ལྗོངས་དར་རྒྱས་གོང་འཕེལ་དང་ཡུན་རིང་
བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་28ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

             མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་བོད་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་གྱི་རྩ་དོན་ལག་ལེན་ནན་ཏན་བསྟར་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཞི་ཚུགས་ས་དང་ཤུགས་རྒྱག་གཞིར་དམ་པོར་དམིགས་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཁོང་དུ་ནན་པོ་ཆུད་པ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གོམ་སྟབས་མགྱོགས་སུ་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་གཏོད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་བོད་ལྗོངས་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཧུར་ཐག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
             ཚེས་24ནས་26ཉིན་བར། དབང་དབྱང་ཆབ་མདོ་དང་ལྷ་སར་ཕེབས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྲོང་གསར་དང་། རྩྭ་ཐང་འབྲོག་ར། ཐོན་ལས་གླིང་ཁུལ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཟབ་བསྐྱོད་གནང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་། དབུལ་སྒྲོལ་འགག་སྒྲོལ། དགོན་སྡེ་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། དེ་དང་ཆབས་ཅིག་ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་བར་ཐོན་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོ་དང་བདེ་རྩ་ལེགས་བཅོས་དང་བདེ་སྐྱིད་བསྐྲུན་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད། དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་གྱི་དུས་རིམ་གཏན་འཁེལ་ལུགས་མཐུན་བྱེད་པ་དང་། དུས་ཚོད་དང་འཕེལ་རིམ་ཐད་བྲེལ་འཚབ་མི་བྱེད་པ། རོགས་སྐྱོར་གྱི་ཕུགས་ཀྱི་ཕན་འབྲས་ལ་དེ་བས་མཐོང་ཆེན་བྱེད་པ་བཅས་བྱས་ཏེ་དབུལ་སྒྲོལ་བརྟན་པོ་དང་རིམ་གྱིས་ཕྱུག་པོ་ཆགས་པའི་རྨང་གཞི་བརྟན་དུ་གཏོང་དགོས། ད་ལྟ་ལག་ལེན་བསྟར་བཞིན་པའི་དབུལ་སྐྱོར་གྱི་ཚད་གཞི་ལག་ལེན་ནན་པོ་བསྟར་ནས་མི་འབོར་དབུལ་པོའི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”མངོན་འགྱུར་བརྟན་པོ་ཡོང་བར་བྱས་ཏེ་དོ་ཁུར་བྱ་ཡུལ་མི་འགྲམས་པ་དང་དམིགས་ས་མི་འགྱུར་བ་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། སྣོད་བཅུད་དབུལ་སྐྱོར་དང་སྣོད་བཅུད་སྲུང་སྐྱོང་ཟུང་འབྲེལ་དམ་ཟབ་བྱེད་པ། མཐོ་གྲང་རི་ཁུལ་གྱི་སྣོད་བཅུད་གནས་སྤོའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་ལེགས་པར་སྒྲུབ་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕྱི་རོལ་གྱིས་རོགས་སྐྱོར་བྱེད་པ་དང་མང་ཚོགས་དབུལ་པོ་རང་ངོས་ནས་འབད་བརྩོན་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
             དབང་དབྱང་གིས་ཆོས་ལུགས་ལས་དོན་དེ་བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་དང་འབྲེལ་བ་ཡོད་པས་ངེས་པར་དུ་བདེ་སྡོད་ཉེན་བསམ་དང་མ་བྱུང་སྔོན་འགོག་ཐུབ་པར་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་དེ་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱིས་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་བྱེད་པ། དྲག་ཆར་རླུང་འཚུབ་ཀྱི་མདུན་དུ་རིག་པ་དྭངས་གསལ་ཐུབ་པ། རྒྱལ་ཁབ་ཁ་ཕྲལ་གཏོང་མཁན་ཕྱོགས་གཏོགས་མཐའ་དག་དང་འཐབ་རྩོད་བྱེད་ཕོད་པ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་དེ་བས་ནུས་ལྡན་བྱེད་དགོས། ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་དང་། ཆོས་ལུགས་དར་སྲོལ་འཛུགས་སྐྱོང་དང་ནང་ཁུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཆོས་ཁྲིམས་དང་འདུལ་ཁྲིམས་ནན་པོ་སྲུང་བ། ཆོས་ལུགས་ཀྱི་ཉམས་རྟོགས་མཐོ་རུ་གཏོང་བ། ནང་བསྟན་ཆོས་ལུགས་ཀྱི་གཟུགས་བརྙན་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
            བརྟག་ཞིབ་གནང་རིང་། དབང་དབྱང་གིས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་བོད་རིགས་འགོ་ཁྲིད་ལས་བྱེད་པ་དང་བློ་མཐུན་རྒན་གྲས་དང་དེ་བཞིན་ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་དང་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་མི་སྣ་བཅས་ལ་ཆེད་མངགས་གཟིགས་པ་རེད།