མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་དང་
པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་25ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་དང་པོ་ཁྲུང་ཆིང་གྲོང་ཁྱེར་དུ་འཚོགས་འགོ་ཚུགས་པར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས། ང་ཚོ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་དེ་ཉིད་སྟོབས་ཤུགས་འདུ་ཞིང་ཐོན་ཉེ་བའི་མཚམས་སུ་གནས་པས། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མིས་བཟོས་རིག་ནུས་བཅས་ཀྱིས་མཚོན་པའི་རབས་གསར་པའི་ཆ་འཕྲིན་ལག་རྩལ་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་གི་ཡོད། གྲངས་གཞིའི་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་རྙིང་གཉིས་ཀ་སྦྲེལ་མཐུད་བརྗེ་སྒྱུར་བྱེད་མགྱོགས་སུ་བཏང་ནས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་གཏོད་རྒྱུ་ནི་རྒྱལ་ཁབ་ཁག་ལ་འཕྲད་པའི་ཐུན་མོང་གི་ལས་འགན་ཡིན་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། གྲངས་གཞི་ཐོན་ལས་ཅན་དང་ཐོན་ལས་གྲངས་གཞི་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གཏོད་ཀྱི་ཡོད། ཀྲུང་གོས་གྲངས་གཞིའི་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་ནས་གྲངས་གཞིའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱལ་ཁབ་ཁག་དང་མཉམ་དུ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་བར་མཐོངས་གསར་པ་གཏོད་འདོད་ཡོད། ད་ཐེངས་ཀྱི་ཚོགས་འདུའི་ཐོག“རིག་ནུས་ཅན་གྱིས་དཔལ་འབྱོར་ལ་སྟོབས་ཤུགས་དང་འཚོ་བར་གཟི་མདངས་སྣོན་པ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བ་དེའི་ཐོག་ནས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་འགྲོ་ཕྱོགས་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་འདོད་མངོན་ཡོད། ཚོགས་ཞུགས་འཐུས་མི་ཚོས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཐོག་ཀུན་གྱི་བློ་གྲོས་དང་ལེགས་ཆ་གཅིག་ཏུ་བསྡུས་ནས་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།