མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས་ལོ་5འཁོར་བའི་
བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་29ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས་ལོ་5འཁོར་བའི་
བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

        མི་དམངས་དྲ་བའི་འཕྲིན། ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ནས་ལོ་5འཁོར་བའི་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གསར་སྒྱུར་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་མཐུན་པ་དང་། ཕྱར་བ་གྲུ་འདེགས་དང་འགན་དབང་མཉམ་ཁུར་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མངོན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གསར་སྒྱུར་འཐུས་སྒོ་ཚང་དུ་གཏོང་ཆེད་བསམ་བློ་གསར་པ་དང་ཇུས་གཞི་གསར་པ་མཁོ་འདོན་བྱས་ཡོད། ང་ཚོས་སྐད་ཆ་ཤོད་རེས་དང་གྲོས་མོལ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་གཉིས་ཁེ། སྤེལ་རེས་དཔྱད་འཛིན་བཅས་མཐའ་འཁྱོངས་བྱེད་པ་དང་། ལམ་རྒྱུད་རྒྱལ་ཁབ་དང་མཉམ་དུ་མཉམ་ལས་ཀྱི་མཐུན་ཆ་ཆེ་ཤོས་བརྩོན་ལེན་བྱེད་པ། རྒྱལ་ཁབ་ཁག་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་མཉམ་འདྲེས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཏན་ཏན་ཏིག་ཏིག་ངང་ལག་བསྟར་ལ་སྐུལ་འདེད་གཏོང་བ། ཆུང་ཙག་ནས་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ལམ་རྒྱུད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧན་ཀྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་དང་། རྒྱལ་དོན་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི། ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱིང་ཡུང་། ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེ་ཅུན། ཁྲུང་ཆིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཐང་ལེང་ཀྲི སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་དབྱིན་ལི། ཚོང་འགུགས་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཅན་ཧུང་། ཀྲེ་ཅང་ཅི་ལི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཧྲུའུ་ཧྥུའུ། ཀྲུང་གོ་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྲི་ཡུས་ལུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་གནས་ཚུལ་ངོ་སྤྲོད་བྱས་པ་དང་སྦྲགས་བསམ་འཆར་དང་གྲོས་འགོ་ཡང་གླེང་བ་རེད།
         ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་2013ལོའི་སྟོན་ཁ། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཚུན། རྒྱལ་ཁབ་དེ་བས་མང་བའི་བརྡ་ལན་ཧུར་ཐག་ཞུས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་རང་རྒྱལ་གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་ལས་ནང་ཞུགས་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་མ་ལག་ལེགས་སུ་གཏོང་བ། གོ་ལ་ཧྲིལ་པོ་ཐུན་མོང་ཐོག་གོང་འཕེལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཀྲུང་གོའི་ཇུས་གཞི་ཞིག་ཏུ་འགྱུར་བཞིན་ཡོད། ལོ་5ཚུན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་དེས་རང་རྒྱལ་གྱི་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་རང་རྒྱལ་གྱི་སྒོ་དབྱེའི་བར་མཐོངས་དེ་མཚོ་རྒྱུད་དང་གཙང་རྒྱུད་ནས་སྐམ་སའི་དབུས་ཁུལ་དང་མཐའ་མཚམས་རྒྱུད་བར་སྣུར་སྲིང་ཐུབ་སྟེ། སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་པོ་ཕན་ཚུན་རོགས་སྐྱོར་བྱེད་པའི་སྒོ་དབྱེའི་རྣམ་པ་གསར་པ་ཞིག་ཆགས་ཡོད། ང་ཚོས“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་རྒྱལ་ཁབ་དང་དངོས་ཟོག་ཉོ་ཚོང་བྱེད་པའི་དངུལ་གྲངས་ཨ་སྒོར་དུང་ཕྱུར་ཁྲི་5ལྷག་ཙམ་ཟིན་པ་དང་། ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་600ལྷག་ཙམ་ཟིན་ནས་ས་གནས་དེ་གར་ལས་ཞུགས་ལས་གནས་ཁྲི་20ལྷག་ཙམ་བཏོད་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་མ་འཇོག་བྱ་རྒྱུ་དེ་གོ་ལ་ཧྲིལ་པོས་ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱ་རྒྱུ་འཕར་རྒྱུར་ཡར་སྐུལ་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་དེ་འཕེལ་རྒྱས་ཆེན་པོ་དང་། གསར་སྒྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་གནས་ཡོད། དེས་ན་ང་ཚོས་འཐབ་ཇུས་ཀྱི་མིག་རྒྱང་ལྡན་པ་དང་། གོ་ལ་ཧྲིལ་པོའི་མཐོང་རྒྱ་བཏོད་ནས་ཉེན་ཁ་དང་སེམས་ཁྲལ་གྱི་འདུ་ཤེས་ཡོད་ལ་ལོ་རྒྱུས་གོ་སྐབས་ཀྱི་འདུ་ཤེས་ཡོད་པར་བྱས་ནས་ལོ་བརྒྱ་འཕྲད་པར་དཀའ་བའི་རྣམ་པ་ཆེན་པོ་འགྱུར་བའི་བརྒྱུད་རིམ་ནང་ཁ་ཕྱོགས་སྟངས་འཛིན་ཐུབ་པར་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་མགྱོགས་སུ་བཏང་ནས་དཔལ་འབྱོར་རང་ཚུགས་དང་མི་རིགས་དར་རྒྱས་གོང་འཕེལ་ཉམས་མེད་ཡོང་བར་བྱེད་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་ཡོངས་ཁྱབ་ཐོབ་པ་དེ་ཐོག་ནས་རྒྱལ་ཁབ་ཁག་དང་ལྷག་དོན་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཞི་བདེར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཡོང་བར་བྱེད་པའི་བསམ་འདུན་མཚོན་ཡོད་ཅེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་རྨང་གཞི་བརྟན་དུ་གཏོང་བ་དང་སྒྲོམ་གཞི་བསྐྲུན་པའི་ལོ་5བརྒྱུད། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་དང་། ཡུན་རིང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སྐྱོད་བཞིན་ཡོད། ང་ཚོས་མཐོ་སར་སླེབས་ཀྱང་ད་དུང་མུ་མཐུད་སྐྱོད་པ་དང་། གྲུབ་འབྲས་ཐོབ་ཀྱང་དེ་བས་འབད་བརྩོན་བྱས་ནས་སྐྱོན་བྲལ་དང་བཟང་བའི་ངང་འཕེལ་རྒྱས་འགྲོ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། འདི་ནི་དུས་མཚམས་རྗེས་མར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་བླང་བྱ་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་འགའ་ཞིག་ནང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུའི་ཐད་སྤྱིའི་བཀོད་ཇུས་ལེགས་གྲུབ་ཐུབ་ནས“འཆར་གཞི་ཆེན་པོ”ཞིག་བཀོད་ཡོད། སླད་ཕྱིན་གཙོ་གནད་ལ་དོ་ཁུར་དང་། ཞིབ་ཅིང་དོ་ནན་གྱི་སྒོ་ནས་ཐུན་མོང་ཐོག་ཇུས་གཞི་ཡག་པོ་འདིང་དགོས། རྣམ་གྲངས་འཛུགས་སྐྲུན་ཐད་ཤུགས་རྒྱག་པ་དང་། ལས་ཀའི་ལམ་སྲོལ་འཛུགས་པ། ལེ་ལག་ཚང་བའི་རྒྱབ་སྐྱོར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་འཕེལ་རྒྱས་ཧུར་ཐག་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་དང་། གཞན་གྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ས་གནས་དེ་གའི་མི་སེར་ལ་ཕན་པ་ཐོན་པ་བཅས་ཀྱི་དམངས་འཚོའི་འདུ་འགོད་ལག་ལེན་བསྟར་རྒྱུར་སྣང་ཆེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
        ཞི་ཅིན་ཕིང་གིས་ཏང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་ནས་རང་འགུལ་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་ལ་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།