མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུས་ཞིང་ཆེན་ལས་བརྒལ་བའི་ས་ཆ་གཞན་དུ་འགྲིམ་འགྲུལ་ཁྲིམས་འགལ་གྱི་
དངུལ་ཆད་སྤྲོད་པ་སོགས་ཀྱི་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་
ཤུགས་ཆེན་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྤྱི་བདེ་པུས་ལོ་སྨད་འགྲིམ་འགྲུལ་དོ་དམ་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་དང་ཞིབ་འཇུག་བྱས་ཏེ་ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྤྱི་བདེའི་སྒྱུར་བཅོས་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྔར་བས་སྐུལ་མ་བཏང་སྟེ་དྲ་རྒྱའི་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་དོ་དམ་ལས་སྟེགས་དང་ཞིང་ཆེན་ལས་བརྒལ་བའི་ས་ཆ་གཞན་དུ་འགྲིམ་འགྲུལ་ཁྲིམས་འགལ་གྱི་དངུལ་ཆད་སྤྲོད་པ་སོགས་ཀྱི་སྒྱུར་བཅོས་བྱ་ཐབས་ཀྱི་ཚོད་ལྟའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ཤར་ཚུན་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྒྱུར་བཅོས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ཆ་འཕྲིན་ཅན་གྱིས་འདེགས་སྐྱོར་དང་ཉེས་དོན་དངོས་འཐབ་ཅན་ཁྱད་ཆོས་མངོན་གསལ་དོད་པའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་ལ་ཡར་རྒྱས་ཆེན་པོ་བྱུང་སྟེ་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་སྤྱིར་ན་བརྟན་པོ་ཡོད། འགྲིམ་འགྲུལ་ལས་འཛོལ་ལ་དབྱེ་ཞིབ་བྱས་ནས་བལྟས་ཚེ་རྒྱལ་ཡོངས་སུ་ལས་འཛོལ་ཚབས་ཆེན་དང་། ཧ་ཅང་ཆེན་པོ། ཆེན་པོ་བཅས་ཀྱི་སྣང་ཚུལ་ཁ་ཐོར་ཡིན་པ་དང་ངེས་མེད་རང་བཞིན་ཉེན་ཁ་ཆེ་རུ་ཕྱིན་པ། ཡུལ་སྐོར་འགྲུལ་སྐྱེལ་དང་། “ལས་གཉེར་ནས་ལས་གཉེར་མིན་པར་བསྒྱུར་བའི”འཁོར་རིགས་ལ་ལྟ་སྐུལ་དོ་དམ་མ་བྱུང་བ་དང་ཁྲིམས་འགལ་སྐྱེལ་འདྲེན་གྱི་ཆག་སྒོ་མང་དུ་སོང་བ། གྲོང་གསེབ་དང་རི་ཁུལ་གྱི་འགྲོ་ལམ་དང་དེ་བཞིན་ཨར་རྒྱག་དུམ་བུའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མངོན་གསལ་དོད་པ། དུས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད་པ་རེད།
         སྤྱི་བདེ་པུས་ལོ་སྨད་དུ་ལྷོ་ནུབ་དང་ནུབ་བྱང་། རྒྱ་ཆེའི་གྲོང་གསེབ་ཁུལ་བཅས་མངོན་གསལ་དོད་པོར་བཞག་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁའི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། ཡུལ་སྐོར་འགྲུལ་སྐྱེལ་དང་། “ལས་གཉེར་ནས་ལས་གཉེར་མིན་པར་བསྒྱུར་བའི”འགྲུལ་སྐྱེལ་རླངས་འཁོར། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་བཅས་མངོན་གསལ་དོད་པོར་འཇོག་པ་བཅས་བྱས་ནས་GPSའགུལ་ཚུལ་ལྟ་སྐུལ་ཚོད་འཛིན་དང་འགྲུལ་སྐྱེལ་རླངས་འཁོར“མི་རུང་ལྔ་དང་འགན་ལེན་གཉིས”(མྱུར་ཚད་ལས་འགལ་མི་རུང་བ་དང་། ཤོང་ཚད་ལས་བརྒལ་རུང་བ། ངལ་དུབ་ཀྱིས་མནར་བཞིན་དུ་འཁོར་རིགས་གཏོང་མི་རུང་བ། ལག་ཐོགས་ཁ་པར་རྒྱག་མི་རུང་བ་དང་ལེན་མི་རུང་བ། འགུལ་ཚུལ་ལྟ་སྐུལ་ཚོད་འཛིན་ཡོ་བྱད་བཀག་མི་རུང་བ་བཅས་དང་འགྲུལ་པས་ཉེན་ཐག་ལེགས་པར་འཆིང་རྒྱུ་འགན་ལེན་དང་འགྲུལ་པའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་པ)ཀྱི་བདེ་འཇགས་ཁས་ལེན་ལམ་ལུགས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། ལོ་འཁོར་ནང་ས་ཁུལ་ཁག་གི་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“གཞུང་ལམ་གྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་འདུ་འགོད”ལག་ལེན་བསྟར་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་ལྟར་སྤྱི་ལེ་ཁྲི་3ཡི་གཙང་ཆུ་དང་གཡང་གཟར་འགྲམ་དང་གྱོང་ཁུག་ལམ་དང་ཉེན་ཁ་ཆེ་བའི་གཞུང་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བཅོས་སྐྱོང་ལ་གཞོགས་འདེགས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བསྟན་ཡོད།
         སྤྱི་བདེ་པུས་ད་དུང་རྒྱལ་ཡོངས་ཀྱི་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བ་སོགས་བྱེད་སྒོ་གལ་ཆེའི་འགྲིམ་འགྲུལ་བདེ་འཇགས་འགན་སྲུང་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ་ས་གནས་ཁག་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ནས་སྤྱི་བདེའི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།