མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།>>འགོ་ཁྲིད་ཀྱི་གནས་ཚུལ།

༄༅།།རྒྱལ་སྲུང་པུས་སྣེ་ལེན་ཚོགས་འདུ་འཚོགས་ནས་བཅིངས་འགྲོལ་དམག་བཙུགས་ནས་ལོ་
88འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་03ཉིན། 17:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲུང་པུས་ཚེས་31ཉིན་མི་དམངས་ཚོགས་ཁང་ཆེ་མོར་སྣེ་ལེན་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་88འཁོར་བར་དགའ་སྤྲོ་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། རྒྱལ་དོན་ཨུ་ཡོན། རྒྱལ་སྲུང་པུའུ་ཀྲང་བཅས་ཡིན་པའི་བློ་མཐུན་ཁྲང་ཝན་ཆོན་གྱིས་བཞེས་རག་སྨོན་ཚིག་གསུངས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་ཚན་མོའུ་ཀྲང་ཧྥང་ཧྥུང་ཧུའེ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན་ཀྲང་དབྱང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའི་པུའུ་ཀྲང་ཀྲའོ་ཁེ་ཧྲི། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་གོ་མཚོན་པུའི་པུའུ་ཀྲང་ཀྲང་ཡིའུ་ཞ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་མཚོ་དམག་སི་ལིང་ཡོན་ཝུའུ་ཧྲེང་ལི། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་མཁའ་དམག་སི་ལིང་ཡོན་མཱ་ཞའོ་ཐེན། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་མེ་སྒྱོགས་དམག་སྡེ་གཉིས་པའི་སི་ལིང་ཡོན་ཝེ་ཧྥེང་ཧོ་བཅས་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།
     ཆུ་ཚོད་18ཏག་ཏག་ཐོག་སྣེ་ལེན་ཚོགས་འདུ་དེ་རྔམ་བརྗིད་ལྡན་པའི་《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་》ཁྲོད་ཚོགས་འགོ་ཚུགས་ཤིང་། ཁྲང་དབན་ཆོན་གྱིས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམ་པར་བཞེས་རག་སྨོན་ཚིག་གསུངས་པ་དང་སྦྲགས་ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག གྲ་སྒྲིག་དམག་ཞབས་དམག་མི། རྒྱ་ཆེའི་ཡུལ་དམག་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་འཐབ་ཕྱོགས་སུ་ལས་སྒྲུབ་ཧུར་ཐག་བྱེད་བཞིན་པའི་བློ་མཐུན་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཛུགས་སྐྱོང་ཐད་ལེགས་སྐྱེས་གལ་ཆེན་ཕུལ་མྱོང་བའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་དང་། དམག་ཁོངས་ནས་ལོག་པའི་དམག་མི་དང་ལས་སྒྱུར་དམག་མི། གསར་བརྗེའི་དམག་མི་རྨས་སྐྱོན་ཅན་དང་སྔོན་གཤེགས་དམག་མིའི་ནང་མི་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་པ། རྒྱལ་སྲུང་དམག་དཔུང་འཛུགས་སྐྱོང་ལ་དོ་ཁུར་དང་རྒྱབ་སྐྱོར་ཡུན་རིང་གནང་བའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། སྤྱི་ཚོགས་ཚོགས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ། སྣེ་ལེན་ཚོགས་འདུར་ཞུགས་མཁན་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་དྲག་དཔོན་དང་དེའི་ལྕམ་དང་དེ་བཞིན་སྐུ་མགྲོན་ཚོར་ལྷག་བསམ་དག་པའི་དགའ་བསུ་ཞུས་པ་རེད།
     ཁྲང་དབན་ཆོན་གྱིས་འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པ་མ་ཟད། ད་དུང་འཛམ་གླིང་གི་ཧྥ་ཤིས་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་དུས་སྐབས་དམིགས་བསལ་ཅན་འདིར་ང་ཚོས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་88འཁོར་བའི་ལོ་བསུས་པ་ཡིན། ལོ་88རིང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་གསར་གཏོད་གཞུང་ལུགས་མཛུབ་ཁྲིད་དུ་བྱས་ནས་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན་བཅས་ཡོང་བའི་ཐད་ཉམས་པ་མེད་པའི་བྱས་རྗེས་བཞག་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས། ཞི་བདེ་སྲུང་སྐྱོང་མཚོ་འགྲུལ་སྲུང་སྐྱེལ་དང་། འཇིགས་རྒོལ་མཉམ་ལས། གེགས་སེལ་རིམས་འགོག་སོགས་རྒྱལ་སྤྱིའི་སྤྱི་པའི་བདེ་འཇགས་ལས་དོན་ནང་རྒྱ་ཁྱབ་ངང་ཞུགས་ནས་འཛམ་གླིང་ཞི་བདེ་དང་ས་ཁོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
     ཁྲང་ཝན་ཆོན་གྱིས་མིག་སྔར་རང་རྒྱལ་གྱིས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བཞིན་ཡོད་པས་རྒྱལ་སྲུང་དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་བྱེད་རྒྱུ་ཡང་འགག་རྩའི་དུས་མཚམས་ཤིག་ཏུ་གནས་ཡོད། ང་ཚོས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བླ་སྲོག་དང་། འཇོན་ཐང་། ངར་ཤུགས། ཀུན་སྤྱོད་བཅས་ལྡན་པའི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་གིས་བྱ་སྤྱོད་ཚང་མ་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞིས་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་ནས་བདེ་འཇགས་ཐད་ཀྱི་འཇིགས་སྐུལ་སྣ་ཚོགས་ལ་ཁ་གཏད་གཅོག་ཤུགས་དང་སྣ་མང་ཅན་གྱི་དམག་དོན་ལས་འགན་ལེགས་སྒྲུབ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཁྲིམས་ལྟར་དམག་སྐྱོང་རྒྱུ་དང་དམག་ནན་པོ་སྐྱོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཁར་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་ཡག་པོ་དར་སྤེལ་བཏང་ནས་མི་དམངས་དམག་དཔུང་གི་ཉམས་པ་མེད་པའི་གསར་བརྗེའི་དཔའ་ངར་དང་དཀའ་སྤྱད་བབ་ཆགས་ཀྱི་གསར་བརྗེའི་རང་མདངས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་ཤུགས་ཆེན་བཏང་ནས་ལམ་ལུགས་རང་བཞིན་གྱི་བཀག་རྒྱ་དང་། གྲུབ་ཆ་རང་བཞིན་གྱི་འགལ་བ། སྲིད་ཇུས་རང་བཞིན་གྱི་གནད་དོན་བཅས་ཐག་གཅོད་མགྱོགས་པོ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་སྟོབས་ཤུགས་མ་ལག་ཅིག་ཧུར་ཐག་འཛུགས་དགོས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་རྒྱལ་སྲུང་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་འགྲིག་དང་། དོ་སྙོམས། འཆམ་མཐུན་བཅས་ཀྱི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་བཀུར་མཉམ་འཛུགས་བྱེད་སྒོ་གཏིང་ཟབ་སྤེལ་ནས་དམག་སྲིད་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།