མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཡུལ་སྐོར་མ་འཇོག་དང་འཛད་སྤྱོད་
ཐད་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་
འགའ་ཞིག་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར་《ཡུལ་སྐོར་མ་འཇོག་དང་འཛད་སྤྱོད་ཐད་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་སྒྱུར་བཅོས་གསར་གཏོད་བྱས་ཏེ་ཡུལ་སྐོར་མ་འཇོག་དང་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།
         《བསམ་འཆར་》ནང་ཡུལ་སྐོར་ལས་རིགས་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་ཤིག་དང་། རྒྱལ་དམངས་དཔལ་འབྱོར་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། སྒྱུར་བཅོས་གསར་གཏོད་བྱས་པ་བརྒྱུད་ཡུལ་སྐོར་མ་འཇོག་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་དེང་རབས་ཅན་གྱི་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་དང་ཡུལ་མིའི་ཡོང་འབབ་མཐོ་རུ་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།
         རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཡུལ་སྐོར་འཆར་འགོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཕེ་ཧྭ་ཡིས་《བསམ་འཆར་》དེས་ཐེངས་དང་པོར་ཡིག་ཆའི་ཐོག་ནས་ཡུལ་སྐོར་མ་འཇོག་དང་འཛད་སྤྱོད་གཉིས་གལ་ཆེ་མཉམ་དུ་འཛིན་རྒྱུ་ཁ་གསལ་བཏོན་པ་མ་ཟད་ད་དུང་ཡུལ་སྐོར་འཛད་སྤྱོད་དང་མ་འཇོག་གཉིས་ཀུན་གྱིས་དོ་སྣང་བྱ་ཡུལ་ཟུང་དུ་བརྩིས་ནས་སྐྱེད་སྲིང་བྱེད་རྒྱུའང་ཁ་གསལ་བཏོན་ཡོད། དེ་ནི་རང་རྒྱལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་དེར་འཕྲད་པའི་གནད་དོན་གཙོ་བོ་དག་གིས་གཏན་འཁེལ་བྱས་པ་ཞིག་རེད། རང་རྒྱལ་གྱི་ཡུལ་སྐོར་ཐད་མཁོ་སྤྲོད་འགལ་བ་འབུར་དུ་ཐོན་ནས་མཁོ་མང་སྤྲོད་ཉུང་གི་སྣང་ཚུལ་ཐོན་ཡོད། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཐད་གཏོང་ཆ་ཉུང་ཞིང་ལོ་རྒྱུས་ཀྱི་རྩིས་ཐོ་རྙིང་པ་མང་བས་ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་གྱི་མེད་ཅེས་བཤད་པ་རེད།
         ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཐད་《བསམ་འཆར་》ནང་བརྡ་ཁྱབ་རྫུས་མ་གཏོང་བ་དང་། རིན་གོང་ཐོག་ནས་མགོ་སྐོར་གཏོང་བ། ཡུལ་སྐོར་བར་མགོ་སྐོར་བཏང་ནས་རིན་གོང་ཧམ་ལེན་བྱེད་པ། རིན་གོང་དམའ་རུ་བཏང་ནས་འགྲན་རྩོད་ངན་པ་བྱེད་པ། ཁྲིམས་འགལ“ཉིན་གཅིག་ཡུལ་སྐོར”སོགས་ཡུལ་སྐོར་ཁྲོམ་རའི་སྣང་ཚུལ་ངན་པར་རྡུང་རྡེག་ཚ་ནན་བཏང་བའི་ཁར་ཡུལ་སྐོར་བའི་བྱ་སྤྱོད་མི་ལེགས་པ་ཟིན་ཐོར་འགོད་པའི་ལམ་ལུགས་སྔར་བས་ལག་བསྟར་བྱེད་དགོས་པ་དང་། དབུས་ནུབ་རྒྱུད་ཀྱི་ཡུལ་སྐོར་ཉིང་ལག་ལམ་ཐིག་གི་གནམ་ཐང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ། ཡུལ་སྐོར་གསང་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། ཚོང་ལས་ལ་བརྟེན་ནས་གསང་སྤྱོད་རྒྱག་རྒྱུ་དང་། ཚོང་ལས་ལ་བརྟེན་ནས་གསང་སྤྱོད་བདག་སྐྱོང་བྱེད་རྒྱུ། ཚོང་ལས་ལ་བརྟེན་ནས་གསང་སྤྱོད་དོ་དམ་བྱེད་རྒྱུ་བཅས་ལ་སྐུལ་མ་བཏང་ནས་ལོ་གསུམ་རིང་རྒྱལ་ཡོངས་སུ་ཡུལ་སྐོར་གསང་སྤྱོད་ཁྲི་5.7གསར་སྐྲུན་རྒྱས་སྐྲུན་བྱེད་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།
         《བསམ་འཆར་》ནང“དྲ་སྦྲེལ+ཡུལ་སྐོར”འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ་ཐེངས་དང་པོར་བརྒྱུད་རིམ་ལྡན་པའི་སྒོ་ནས་བཏོན་ཡོད། དྲ་ཐོག་ཡུལ་སྐོར་སྟེགས་བུའི་ཁེ་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བའི་ཁར་ཁེ་ལས་གོང་འོག་དང་དེ་བཞིན་མཉམ་བགྲོད་ཁེ་ལས་བཅས་ཀྱི་ཐོན་ཁུངས་དང་། རྒྱུ་ཆ་གཙོ་བོ། ལག་རྩལ་བཅས་བསྡུ་སྒྲིལ་གྱིས་ཡུལ་སྐོར་ལས་རིཌ་ཀྱི་སྣོད་བཅུད་ཁུལ་གསར་ཞིག་ཆགས་པ་བྱས་ནས“དྲ་སྦྲེལ+ཡུལ་སྐོར”ཐོན་ལས་བརྒལ་བའི་མཉམ་བསྲེས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་A4རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་དང་རིག་ལྡན་གྲོང་གསེབ་ཡུལ་སྐོར་ཚོད་ལྟའི་ས་ཚིགས་ཚན་པ་ཁག་ཏུ་རིན་མེད་Wi-Fiདང་། རིག་ནུས་ཡུལ་སྐོར་སྣེ་ཤན་པ། གློག་རྡུལ་འགྲེལ་བཤད། དྲ་ཐོག་མངགས་བཅོལ། ཆ་འཕྲིན་འོས་བསྐུར་སོགས་ཀྱི་ནུས་པས་ཁྱབ་པར་བྱས་ནས་རྒྱལ་ཡོངས་སུ་རིག་ལྡན་མཛེས་ལྗོངས་ཁུལ་དང་རིག་ལྡན་ཡུལ་སྐོར་གྲོང་གསེབ་ཁྲི་1གཏོད་རྒྱུ་ཡིན་པ་རེད།
         《བསམ་འཆར་》ནང་འཁོར་ཤག་བཀོད་སྒྲིག་ལེགས་སུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད། ཕོགས་ཡོད་འཁོར་ཞག་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ་སྟེ། རིམ་ཁག་མི་དམངས་སྲིད་གཞུང་གིས་ཕོགས་ཡོད་འཁོར་ཞག་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ་དེ་ཉིན་རེའི་གྲོས་རིམ་ནང་བཅུག་ནས་ཕོགས་ཡོད་འཁོར་ཞག་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ་དང་ཡང་ན་ལག་བསྟར་འཆར་གཞི་བཟོ་དགོས་པ་མ་ཟད་ད་དུང་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡང་བྱེད་དགོས། རེས་མོས་འཁོར་ཞག་ལ་ལྕག་སྐུལ་བྱེད་རྒྱུ་སྟེ། རྒྱལ་ཡོངས་གཅིག་གྱུར་གྱི་གུང་གསེང་དུས་ཆེན་རིང་ཚན་པ་ཁག་དང་ཁེ་ལས་ཁག་གིས་རང་ངོས་ཀྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཕོགས་ཡོད་འཁོར་ཞག་དེ་ས་གནས་དེ་གའི་སྲོལ་རྒྱུན་དུས་ཆེན་དང་ས་གནས་ཀྱི་ཁྱད་ལྡན་བྱེད་སྒོ་གཉིས་དང་ཟུང་འབྲེལ་བྱས་ནས་རེས་མོས་འཁོར་ཤག་བཀོད་སྒྲིག་བྱེད་དགོས། བབ་བསྟུན་ལས་སྒྲུབ་ལ་ལྕག་སྐུལ་བྱེད་རྒྱུ་སྟེ། ཆ་རྐྱེན་འཛོམས་པའི་ས་གནས་དང་ཚན་པ་ཁག་གིས་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་དབྱར་ཁའི་ལས་སྒྲུབ་དུས་ཚོད་ཁྲིམས་ལྟར་ལེགས་སྒྲིག་བྱས་ནས་ལས་བཟོ་ཚོས་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་དང་གཟའ་མཇུག་ཉིན་གཉིས་སྤྱད་དེ་ཕྱིར་སྤྲོ་གསེང་བྱེད་དུ་འགྲོ་རྒྱུར་ཆ་རྐྱེན་ཡག་པོ་སྐྲུན་ཆོག