མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པེ་ཅིང་གིས་ལམ་ལུགས་ལ་བརྟེན་ནས"ཡུན་གཏན"གྱི་གྲོང་གསེབ་སྨན་པ་གསོ་སྦྱོང་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་《གྲོང་ཚོ་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་གྲོང་གསེབ་ཀྱི་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》རྩ་དོན་ཐོག་ནས་གྲོས་འཆམ་བྱུང་བ་རེད། ཇུས་གཞིར་གཞིགས་ན། འདི་ལོའི་ལོ་མཇུག་གོང་། པེ་ཅིང་གྲོང་ཁྱེར་གྱི་གྲོང་གསེབ་སྨན་པར་མཚོན་ན། མི་སྣས་དོ་དམ་བྱེད་པ་ནས་ལས་གནས་ཀྱིས་དོ་དམ་བྱེད་པར་བསྒྱུར་རྒྱུ་དང་མི་རེར་ཟླ་རེར་སྲིད་གཞུང་གིས་ཁ་གསབ་སྒོར་1600སྤྲོད་པ་ནས་སྒོར་3500བར་མཐོ་རུ་གཏོང་རྒྱུ་རེད། 2019ལོའི་ལོ་མཇུག་གོང་གྲོང་ཚོའི་འཕྲོད་བསྟེན་ཁང་བཀོད་སྒྲིག་བྱས་མེད་པའི་གྲོང་ཚོ་847ལ་སྨན་བཅོས་ཞབས་ཞུ་ཡོངས་སུ་ཁྱབ་པ་བྱ་རྒྱུ་རྒྱུ་རེད།
         དངོས་སུ་བཏོན་པའི་ཇུས་གཞི་ལྟར་ན། པེ་ཅིང་གྲོང་ཁྱེར་གྱི་གྲོང་གསེབ་སྨན་པའི་ལས་གནས་དེ་གྲོང་གསེབ་ཀྱི་ཞབས་ཞུའི་མི་འབོར་1‰ལས་མི་དམའ་བའི་ཚད་གཞི་གཞིར་བཟུང་བཀོད་སྒྲིག་བྱ་རྒྱུ་ཡིན་པས་གྲོང་གསེབ་ཀྱི་མི་སྟོང་རེར་ཉུང་མཐར་ཡང་གྲོང་གསེབ་སྨན་པའི་ལས་གནས་ཀྱི་མི་སྣ་གཅིག་ཡོང་བ་བྱ་རྒྱུ་རེད། གྲོང་གསེབ་སྨན་པའི་ལས་གནས་ཀྱི་མི་སྣ་ཞེས་པ་ལག་དེབ་ཡོད་པའི་སྨན་སྦྱོར་པ་དང་། ལག་དེབ་ཡོད་པའི་ལས་རོགས་སྨན་སྦྱོར་པ། 《གྲོང་གསེབ་སྨན་པའི་ལས་གཉེར་ལག་ཁྱེར་》ཡོད་པའི་མི་སྣ་བཅས་ལས་གྲུབ་རྒྱུ་དང་། མི་བེད་སྤྱོད་ཐད་ངལ་ལས་མངགས་གཏོང་བྱས་ནས“ཁུལ་གྱིས་ལས་གནས་གཏན་འཁེལ་བྱེད་པ་དང་། མི་སྣ་མངགས་གཏོང་བྱེད་པ། ཤང་གིས་དོ་དམ་བྱེད་པ། གྲོང་ཚོས་བེད་སྤྱོད་བྱེད་པ”བཅས་ཀྱི་རྣམ་པ་ཞིག་སྤྱིའི་ཆ་ནས་ཆགས་པར་བྱ་རྒྱུ། ཞིང་འབྲེལ་ཁུལ་ཁག་གི་སྲིད་གཞུང་སོ་སོས་གྲོང་གསེབ་སྨན་པའི་ལས་གནས་མི་སྣ་ཕྱིར་འཐེན་ལོ་ན་གཏན་འཁེལ་བྱ་རྒྱུ། སྨན་སྦྱོར་པའི་ལས་གཉེར་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བ་དང་དཔྱད་ཞིབ་ཚད་ལོན་མ་བྱུང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། གྲོང་གསེབ་སྨན་པའི་ལས་གནས་མི་སྣ་ཕྱིར་འཐེན་ལམ་ལུགས་འཛུགས་རྒྱུ་བཅས་རེད།
         འདི་ལོ་ནས་བཟུང་། གྲོང་གསེབ་སྨན་པའི་ལས་གནས་ཀྱི་སྲིད་གཞུང་གི་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་1600ནས་སྒོར་3500བར་མཐོ་རུ་གཏོང་རྒྱུ་རེད། གཞན་ཡང་། རི་ཁུལ་དང་ཕྱེད་རི་ཁུལ་གྱི་གནས་ཚུལ་མི་འདྲ་བར་དམིགས་ཏེ་ཞིང་འབྲེལ་ཁུལ་ཁག་གིས་གཞི་རྩའི་ཁ་གསབ་རྨང་གཞིའི་ཐོག་སླར་ཡང་སྒོར་500ནས་སྒོར་2000བར་སྣོན་ཆོག་པ་དེ་ཐོག་ནས་ཆ་རྐྱེན་སྐྱོ་བའི་རི་ཁུལ་གྱི་གྲོང་གསེབ་སྨན་པའི་ལས་གནས་ཀྱི་ཟླ་རེའི་ཁ་གསབ་ཚད་གཞི་སྒོར་5500བར་ཟིན་རེ་ཡོད་པ་མཚོན་ཞིང་། དེའི་ནང་ཁ་གསབ་གྲངས་འབོར་གྱི་40%ཟླ་བ་གཞིར་བཟུང་སྤྲོད་རྒྱུ་དང་60%དཔྱད་ཞིབ་ཚད་ལོན་བྱུང་རྗེས་སྤྲོད་རྒྱུ་རེད། དེ་དང་ཆབས་ཅིག་པེ་ཅིང་གྲོང་ཁྱེར་གྱིས་གྲོང་གསེབ་སྨན་པའི་ལས་གནས་མི་སྣའི་སྤྱི་ཚོགས་འགན་ལེན་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཁོང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་བྱ་རྒྱུ་རེད།