མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《སྤྱི་བདེའི་ཁྲིམས་འཛིན་ཚད་ལྡན་ཅན་དུ་བསྒྱུར་རྒྱུའི་ལས་དོན་གཏིང་ཟབ་སྤེལ་དགོས་པའི་
སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྤྱི་བདེའི་ཁྲིམས་འཛིན་ཚད་ལྡན་ཅན་དུ་བསྒྱུར་རྒྱུའི་ལས་དོན་གཏིང་ཟབ་སྤེལ་དགོས་པའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ཤིང་། དེའི་ནང་ཆ་ལག་ཚང་བའི་ཁྲིམས་འཛིན་ལམ་ལུགས་མ་ལག་དང་། ཚད་དང་ལྡན་པའི་ཁྲིམས་འཛིན་གྱོད་ཞིབ་མ་ལག བརྒྱུད་རིམ་ལྡན་པའི་ཁྲིམས་འཛིན་དོ་དམ་མ་ལག དངོས་འཐབ་རང་བཞིན་གྱི་ཁྲིམས་འཛིན་གསོ་སྦྱོང་མ་ལག་བཅས་འཛུགས་དགོས་པ་དང་། ཁྲིམས་འཛིན་དཔུང་ཁག་ཆེད་ལས་ཅན་དང་། ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་ཅན། ཁྲིམས་འཛིན་དོ་དམ་མ་ལག་ཅན། ཁྲིམས་འཛིན་ལས་རིམ་ཆ་འཕྲིན་ཅན་བཅས་སུ་འགྱུར་བ་བྱེད་དགོས་པ། ཁྲིམས་འཛིན་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ཁྲིམས་འཛིན་སྤྱི་མོས་ཆེ་ཆུང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད། ད་དུང་ཁྲིམས་སྐྱོང་སྤྱི་བདེ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱས་ཏེ་ཁྲིམས་འཛིན་བྱེད་སྒོ་སྤེལ་བ་དང་གྱོད་དོན་ཞིབ་གཅོད་བྱས་པ་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ལ་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡིན་པ་མྱོང་ཚོར་ཐུབ་པར་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་སྤྱི་བདེའི་ཁྲིམས་འཛིན་ཚད་ལྡན་ཅན་དུ་བསྒྱུར་རྒྱུའི་ལས་དོན་གཏིང་ཟབ་སྤེལ་རྒྱུ་དེ་སྤྱི་བདེའི་ལས་དོན་ཡོངས་ཀྱི་ངོས་ནས་བརྗོད་ན་ཁྱོན་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན་ལྡན་པ་ཞིག་རེད། གཞུང་དྲང་ཡ་རབས་ཀྱི་ཁྲིམས་འཛིན་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་དེ་སྤྱིའི་བླང་བྱ་དང་། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་སྒུལ་ཤུགས། ཁྲིམས་འཛིན་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཕྱོགས་སྟོན་བཅས་སུ་བརྩིས་ཏེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་དགོས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
         《བསམ་འཆར་》ནང་སྤྱི་བདེའི་ཁྲིམས་འཛིན་ཚད་ལྡན་ཅན་དུ་བསྒྱུར་རྒྱུའི་ལས་དོན་གཏིང་ཟབ་སྤེལ་བར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། དམངས་ཆེད་ཁྲིམས་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་ཁྲིམས་འཛིན་འདུ་ཤེས་ལ་བརྩི་སྲུང་ཞུ་དགོས་པ། ཁྲིམས་ལྟར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྩ་དོན་ལ་སྲུང་བརྩི་ཞུ་དགོས་པ། སྒྱུར་བཅོས་དང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་དབང་ཆ་བེད་སྤྱོད་ལམ་སྲོལ་སྒྱུར་བཅོས་ཀྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་བཅས་གསལ་པོར་བསྟན་ཡོད། དུས་མཚུངས་སུ་སྤྱི་བདེའི་ཁྲིམས་འཛིན་ཚད་ལྡན་ཅན་དུ་བསྒྱུར་རྒྱུའི་ལས་དོན་གཏིང་ཟབ་སྤེལ་རྒྱུའི་ཕྱོགས་བརྒྱད་ཀྱི་ལས་འགན་གཙོ་བོ་དང་བྱེད་ཐབས་ཞིབ་ཕྲ་ཡང་གསལ་པོར་བསྟན་ཡོད་པ་རེད།