མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུས་སྤྱི་ཚོགས་ཐོག“དུས་རབས་ཀྱི་མིག་དཔེ”ཨ་པུའུ་ལེ་ལིན·ཨ་
པུའུ་ལེ་ཙེ་དང་ཀྲའོ་ཀྲི་ཆོན་གྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་26ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བརྒྱུད་སྤྱི་ཚོགས་ཐོག“དུས་རབས་ཀྱི་མིག་དཔེ”ཨ་པུའུ་ལེ་ལིན·ཨ་པུའུ་ལེ་ཙེ་དང་ཀྲའོ་ཀྲི་ཆོན་གྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད།
         ཨ་པུའུ་ལེ་ལིན·ཨ་པུའུ་ལེ་ཙེ་ནི། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧ་སྨི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་ཞིག་ཡིན་ཞིང་། ཁོང་གིས་ཏང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ལ་ལས་ཀ་བྱེད་པར་བསྐྱོད་ཅིང་། དེའི་རིང་ཁྲིམས་བཞིན་གཞུང་དྲང་སྤྱོད་གཙང་ངང་ཁྲིམས་འཛིན་གྱོད་གཞི་རེ་རེ་བཞིན་སྒྲུབ་གཉེར་དང་བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་ཅའོ་ཡུས་ལུའུ་བཞིན་ཏང་ཡོན་ཡག་པོ་དང་ལས་བྱེད་པ་ཡག་པོ་ཞིག་བྱས་པས། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱས་རྗེས་རིམ་པ་དང་པོའི་མཚན་སྙན་ཐོབ། ཀྲའོ་ཀྲི་ཆོན་སྐུ་འཚོ་བཞུགས་སྐབས་ལུའུ་ནན་སྨན་རྫས་ཐོན་སྐྱེད་ཚོགས་པའི་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་དང་དེ་བཞིན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིན་ལི་བཅས་ཡིན་ཞིང་། ཁོང་གིས་ཚེ་གང་རིང་མི་རིགས་ཀྱི་སྨན་དང་སྨན་བཅོས་ཀྱི་བྱ་གཞག་དར་རྒྱས་ཡོང་རྒྱུར་གཞོལ་ནས་སྒྱུར་བཅོས་ལས་གཏོད་མཐའ་འཁྱོངས་དང་། ཚན་རྩལ་གསར་གཏོད་ལ་མཐོང་ཆེན་བྱས་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པའི་ཐོག་ནས་རྐུབ་བརྡིབས་ལ་ཉེ་བའི་བཟོ་གྲྭ་ཆུང་ཆུང་ཞིག་དེང་རབས་སྨན་རྫས་ཐོན་སྐྱེད་ཚོགས་པ་ཀུང་སི་ཞིག་ཏུ་བསྒྱུར་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་བཏང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་བས། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་རྒྱལ་ཁབ་ལ་ལེགས་སྐྱེས་ཆེན་པོ་འབུལ་མཁན་དར་མ་དང་གཞོན་ནུའི་རིགས་གཅིག་མཁས་ཅན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད།
          ཉེ་དུས། ཨ་པུའུ་ལེ་ལིན·ཨ་པུའུ་ལེ་ཙེ་དང་ཀྲའོ་ཀྲི་ཆོན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་བྱས་པས། སྤྱི་ཚོགས་ཡོངས་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཨ་པུའུ་ལེ་ལིན·ཨ་པུའུ་ལེ་ཙེ་དང་ཀྲའོ་ཀྲི་ཆོན་གྱི་ལུས་ཐོག་ནས་དད་སེམས་བརྟན་པོ་དང་། སེམས་པ་མང་ཚོགས་ལ་ཕྱོགས་པ། ལས་བཀུར་ལས་གཅེས། ཧུར་བརྩོན་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་བླ་ན་མེད་པའི་སྤྱོད་བཟང་ཞིག་མངོན་པས། ཁོང་གཉིས་པོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་མཁན་གྱི་མིག་དཔེ་ཞིག་ཡིན་ལ། དུས་བབ་གསར་པའི་གཞི་རིམ་གྱི་གུང་ཁྲན་ཏང་མིའི་མིག་དཔེ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་པ་དང་། ཏང་ཡོན་ལས་བྱེད་པས་ཨ་པུའུ་ལེ་ལིན·ཨ་པུའུ་ལེ་ཙེ་དང་ཀྲའོ་ཀྲི་ཆོན་སོགས་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ལ་སློབ་སྦྱོང་བྱེད་པའི་ཁར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་འཛིན་ས་དང་སྒུལ་ཤུགས་སུ་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་པ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།
          “དུས་རབས་ཀྱི་མིག་དཔེ”ཡི་བྱས་རྗེས་ཡོངས་བསྒྲགས་བྱེད་སྐབས“ང་ཚོའི་རིན་ཐང་ལྟ་བ་དང་། ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་བརྗོད་དོན་གཙོ་བོར་བྱས་ནས་་ཨ་པུའུ་ལེ་ལིན·ཨ་པུའུ་ལེ་ཙེ་དང་ཀྲའོ་ཀྲི་ཆོན་གྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ་དང་། 《“དུས་རབས་ཀྱི་མིག་དཔེ”ཨ་པུའུ་ལེ་ལིན·ཨ་པུའུ་ལེ་ཙེ་དང་ཀྲའོ་ཀྲི་ཆོན་ལ་གཟེངས་རྟགས་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་གཏན་འབེབས་》སྒྲོག་སྦྱངས་བྱས་པ་མ་ཟད། ཁོང་གཉིས་པོའི་སྔོན་ཐོན་བྱས་རྗེས་མཚོན་པའི་པར་གཞི་ཐུང་ངུ་བསྟན་པ་དང་། ཀྲུང་གོའི་སྙན་ཚིག་སློབ་ཚོགས་དང་ཀྲུང་ཧྭའི་སྙན་ཚིག་སློབ་ཚོགས་ཀྱིས་གསར་རྩོམ་བྱས་པའི་ཁོང་གཉིས་པོའི་སྔོན་ཐོན་བྱས་རྗེས་མཚོན་པའི་ཆ་ཡིག་དང་། སྙན་ཚིག ལོ་རྒྱུས་ཐུང་ངུ་བསྟན་པ་དང“དུས་རབས་ཀྱི་མིག་དཔེའི”དྲན་གསོའི་རྟགས་མ་དང་གཟི་བརྗིད་ལག་ཁྱེར་ཡང་སྤྲད་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང“དུས་རབས་ཀྱི་མིག་དཔེའི”མཚན་སྙན་ཐོབ་པའི་ལས་རོགས་དང་དེ་བཞིན་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་འཐུས་མི་སོགས་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།