མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་
ལམ་ལུཌ་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་
སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བརྒྱུད་བསྐུར་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་དམངས་སྲིད་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་། ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་། ནོར་སྲིད་པུའུ། རྒྱལ་ཁབ་བསྡོམས་རྩིས་ཅུས། ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་《གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)བརྒྱུད་བསྐུར་བྱས་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
          《བསམ་འཆར་》ནང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རོགས་སྐྱོར་བྱེད་དགོས་སར་རོགས་སྐྱོར་གང་ལེགས་བྱེད་པ་དང་། འགན་ལེན་བྱེད་དགོས་སར་འགན་ལེན་གང་ལེགས་བྱེད་པ། སྟབས་བསྟུན་དོ་དམ། ཐོན་ཁུངས་སྤྱི་འདོམས་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་འབྲེལ་མཐུད་ནུས་ལྡན་བྱེད་པ་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་ཤུགས་ཆགས་པ་བྱས་ནས་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་དང་མཐུན་པའི་གྲོང་གསེབ་ཀྱི་དབུལ་པོར་སྲིད་ཇུས་རང་བཞིན་གྱི་འགན་ལེན་མཐའ་སྐྱོང་བྱས་ཐོག་2020ལོར་སླེབས་སྐབས་ད་ལྟ་ལག་ལེན་བསྟར་བཞིན་པའི་དབུལ་སྐྱོར་ཚད་གཞིའི་ཐོག་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
          《བསམ་འཆར་》ནང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་འབྲེལ་མཐུད་ཀྱི་གཙོ་གནད་ལས་འགན་སྔར་བས་ཁ་གསལ་བཟོས་ཡོད་པ་སྟེ། སྲིད་ཇུས་འབྲེལ་མཐུད་ཐད། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཆ་རྐྱེན་དང་མཐུན་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འབེབས་གོ་རིམ་གཞིར་བཟུང་མ་མཐའི་འཚོ་བ་འགན་ལེན་ཁྱབ་ཁོངས་ནང་འཇུག་དགོས་པ་དང་། དབུལ་སྐྱོར་ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གཏན་འབེབས་གོ་རིམ་གཞིར་བཟུང་ཡིག་ཚགས་དང་གཱ་བཟོ་བའི་ཁྱབ་ཁོངས་ནང་འཇུག་དགོས། ཡིག་ཚགས་དང་གཱ་བཟོ་བའི་ཁྱབ་ཁོངས་ནང་མེད་པའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་སྤྱི་འདོམས་ངང་འབྲེལ་ཡོད་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ལག་ལེན་བསྟར་དགོས། དབུལ་སྐྱོར་བྱ་ཡུལ་འབྲེལ་མཐུད་ཐད། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་དབུལ་པོའི་གནས་ཚུལ་དཔྱད་དཔོག་སྟོན་གྲངས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྱིམ་ཚང་གི་ཡོང་འབབ་དང་རྒྱུ་ནོར་སྟོན་གྲངས་གཙོ་བོར་བྱས་ཏེ་ས་གནས་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་། ནང་མི་དབང་སྐྱོན་དང་ནད་གཞི་ཕོག་པ་སོགས་ཀྱི་རྐྱེན་པས་འགྲོ་སོང་མང་དུ་ཕྱིན་པའི་རྒྱུ་རྐྱེན་ལ་བསམ་གཞིག་བྱས་ཐོག་ཁྱིམ་ཚང་དབུལ་པོའི་ཚད་གཞིར་ཕྱོགས་བསྡུས་དཔྱད་དཔོག་བྱེད་དགོས་པ་བཏོན་ཡོད། ཚད་གཞི་འབྲེལ་མཐུད་ཐད། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་ལས་དམའ་བ་གཏན་འཁེལ་བྱས་པའི་ས་ཆར་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞི་གཞིར་བཟུང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མཛུབ་ཁྲིད་ཚད་གཞི་དམའ་ཤོས་ཕྱོགས་བསྡུས་གཏན་འཁེལ་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞིར་སླེབས་པའི་ས་ཆར་སྟབས་བསྟུན་སྙོམས་སྒྲིག་ལམ་སྲོལ་གཞིར་བཟུང་ཚན་རིག་དང་མཐུན་པའི་ངང་སྙོམས་སྒྲིག་བྱེད་དགོས། དོ་དམ་འབྲེལ་མཐུད་ཐད། རྫོང་རིམ་པའི་དམངས་སྲིད་སྡེ་ཚན་དང་དབུལ་སྐྱོར་སྡེ་ཚན་གྱིས་འབྲེལ་གཏུག་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་མིང་ཐོ་དང་། དེ་བཞིན་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་དབུལ་སྒྲོལ་བྱུང་བའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་མིང་ཐོ་སོགས་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་། 2016ལོའི་ཟླ་11པའི་ཟླ་མཇུག་གོང་། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་དམངས་སྲིད་དང་དབུལ་སྐྱོར་སྡེ་ཚན་གྱིས་ལག་བསྟར་ཇུས་གཞི་དམངས་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ལ་ཐོ་འགོད་སྙན་སེང་བྱ་རྒྱུར་སྐྱེལ་དགོས། 2016ལོའི་ཟླ་12པའི་ཟླ་མཇུག་གོང་། རྫོང་རིམ་པའི་དམངས་སྲིད་སྡེ་ཚན་དང་དབུལ་སྐྱོར་སྡེ་ཚན་དང་དེ་བཞིན་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤང་གྲོང་མི་དམངས་སྲིད་གཞུང་(ཁྲོམ་གཞུང་དོན་གཅོད་ཁྲུའུ)ལ་མཛུབ་ཁྲིད་ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་རྩིས་ཐོ་ཞིབ་བསྡུར་ཐེངས་གཅིག་བྱེད་དགོས། 2016ལོ་ནས་བཟུང་། འབྲེལ་ཡོད་སྡེ་ཚན་གྱིས་ལོ་ལྟར་རྩིས་ཐོའི་གྲངས་གཞིར་ཉུང་མཐར་ཡང་ཞིབ་བསྡུར་ཐེངས་གཅིག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་སྤྱི་ཚོགས་རོགས་སྐྱོབ་ཁ་གསབ་མ་དངུལ་དེ་དག་འགན་ལེན་གྱི་ལས་འགན་ལྕི་བ་དང་། ས་གནས་ཀྱི་ནོར་སྲིད་ལ་དཀའ་ངལ་ཆེ་བ། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་ས་ཆར་གཙོ་གནད་ཐོག་ཕྱོགས་དགོས། གྲོང་ཚོ་རིམ་པའི་སྤྱི་ཚོགས་རོགས་སྐྱོབ་ལས་རོགས་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱ་ཡུལ་གྲངས་འབོར་སོགས་རྒྱུ་རྐྱེན་གཞིར་བཟུང་དེ་མཚུངས་ཀྱི་ལས་དོན་མི་སྣ་བཀོད་སྒྲིག་བྱེད་དགོས། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་བརྒྱུད་སྤྱི་ཚོགས་ཀྱི་སྟོབས་ཤུགས་འདྲེན་འགུག་བྱས་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཞབས་ཞུའི་ནང་ཞུགས་དགོས་ཞེས་བཏོན་ཡོད་པ་རེད།