མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དུས་ཆེན་རིང་ཡུལ་སྐོར་ལས་རིགས་ལ་འབབ་འཕར་བྱུང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་ནས་ཁྱབ་བསྒྲགས་བྱས་པའི་སྔོན་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་གི་ཡུལ་སྐོར་འཛད་སྤྱོད་ཡིད་ཆེས་བརྟན་ཙམ་ཡོད་པ་དང་ཡུལ་སྐོར་ཁྲོམ་རའི་མཁོ་སྤྲོད་དར་ཞིང་། རྒྱལ་ནང་ཡུལ་སྐོར་ཁྲོམ་རས་སྔོན་དཔག་ལྟར་ན་མི་ཐེངས་དུང་ཕྱུར་5.89ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་12%འཕར་རྒྱུ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4781.8བྱུང་ནས་13.5%འཕར་རྒྱུ། གྲངས་གཞི་དེར་གཞིགས་ན། རྒྱལ་སྟོན་རིང་མི་རེའི་ཆ་སྙོམས་ཡུལ་སྐོར་འཛད་སྤྱོད་དངུལ་སྒོར་800ལས་བརྒལ་རྒྱུ་རེད།
         ཨ་ལི་ཡུལ་སྐོར་སྤྲོ་གསེང་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཀྲི་ཆོན་གྱིས་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་ལ་དམིགས་ནས་བཏོན་པའི་ཡུལ་སྐོར་ཐོན་རྫས་དག་ཟླ་བདུན་པ་ནས་བཟུང་དྲ་ཐོག་ཏུ་འགྲེམས་སྟོན་བྱས་པ་དང་འབྲེལ་ཁྱབ་གདལ་བཏང་བས། དེ་ནི་སྔ་སྣུར་གྱིས་བཏོན་པའི་ཐོན་རྫས་ཁོངས་སུ་གཏོགས་ཀྱི་ཡོད་ཅེས་བཤད།
         མིག་སྔར་མི་རྣམས་ཀྱི་ཡུལ་སྐོར་བྱེད་སྟངས་དེ་མཛེས་ལྗོངས་ལ་ལྟ་སྐོར་དང་ཉོ་སྒྲུབ་གཙོ་བོ་བྱེད་པ་ནས་སྣང་བ་སྐྱིད་པོའི་ངང་སྤྲོ་གསེང་དང་ཡུལ་དེ་གའི་འཚོ་བ་ཉམས་སུ་མྱོང་རྒྱུ་གཙོ་བོར་བྱེད་པའི་སོས་དལ་ཡུལ་སྐོར་དུ་འཕེལ་རྒྱས་ཕྱིན་ཡོད། རང་མོས་འགྲོ་སྐྱོད་དང་། ཉམས་ལེན་གཏིང་ཟབ་བྱེད་པ། མཐའ་འཁོར་དུ་ཡུལ་སྐོར་བྱེད་པ་བཅས་ཡུལ་སྐོར་བས་དགའ་པོ་བྱེད་པའི་ཡུལ་སྐོར་བྱེད་སྟངས་སུ་གྱུར་ཡོད། གང་ལྟར་དྲ་ཐོག་ཡུལ་སྐོར་ཚོང་ཁང་ཡིན་ནའང་འདྲ་ཡང་ན་དྲ་ཕྱིའི་ཡུལ་སྐོར་ལས་དོན་ཁང་གང་ཞིག་ཡིན་རུང་ཚང་མས་འཛད་སྤྱོད་རིམ་སྤོར་ལ་དམིགས་ནས་ཚོང་རྒྱག་ཐབས་འཚོལ་ཞིབ་བྱེད་བཞིན་མཆིས།
         ལས་རིགས་གཅིག་པའི་མི་སྣས་འདི་ལོ་དྲ་ཐོག་ཡུལ་སྐོར་ཚོང་པའི་ལས་སྟེགས་ཀྱི“བར་སྦྲེལ་མེད་པ་བཟོ་བའི”རྣམ་པ་མངོན་གསལ་དོད་དུ་ཕྱིན་ཡོད། བྱེད་ཐབས་དེས་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱེད་མཁན་དང་འཛད་སྤྱོད་པའི་དབར་ཐད་ཀར་འབྲེལ་བ་ཐུབ་ནས་ཡུལ་སྐོར་བར་སྦྲེལ་གྱིས་མཁོ་འདོན་བྱས་པའི་ཡུལ་སྐོར་ཐོན་རྫས་དང་བསྡུར་ན། གོང་ཚད་དང་ཡིད་རྟོན་ཐད་ལེགས་ཆ་ཆེན་པོ་ལྡན་ཡོད་ཅེས་བཤད།
         འདི་ལོ་ཞེ་ཁྲེང་ཡུལ་སྐོར་དྲ་ཚིགས་ཐོག་རྒྱལ་སྟོན་དང་འབྲེལ་བ་ཡོད་པའི་ཐོན་རྫས་ཁྲི་བཅུ་ཕྲག་ཁ་ཤས་བཏོན་པ་དང་མང་ཆེ་བ་ནི་མཁའ་འགྲུལ་ཀུང་སི་དང་། མཛེས་ལྗོངས་ཁུལ། གསོལ་མགྲོན་ཁང་། དངུལ་ཁང་བཅས་དང་མཉམ་འབྲེལ་བྱས་ནས་བཏོན་པའི་གོང་བཅག་ཐོན་རྫས་ཡིན། མ་ཟད་ལག་ཐོགས་ཁ་པར་གྱི་དུད་སྣེ་སྤྱོད་མཁན་གྱིས་ཡུལ་སྐོར་ཐོན་རྫས་ཉོ་རྒྱུའི་ཡིད་དབང་བཀུག་ཡོད། དྲ་ཚིགས་དེའི་སྤྱི་པའི་ལས་དོན་པུའི་ཅིང་ལི་དབྱིན་ཝུན་ཅེས་མིག་སྔའི་གྲངས་གཞི་ནས་བལྟས་ན། བྲིན་ཁ་རྒྱུག་པའི་ལམ་ཐིག་ཁག་གཅིག་ལ་མི་ཁྲི་ཡིས་མིང་ཐོ་བཀོད་པ་དང་རྒྱལ་སྟོན་ངལ་གསོའི་རིང“མི་ཁྲི་ཡི་ཡུལ་སྐོར”བྱེད་སྒོ་མང་པོ་སྒྲིག་འཛུགས་བྱས་ཡོད་ཅེས་བཤད་པ་རེད། གཞན་ཡང་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་། མཁའ་འགྲུལ་ཀུང་སི་མི་ཉུང་བ་ཞིག་གི་གནམ་གྲུའི་སྤ་སེའི་གོང་ཚད་ཀྱང་ལོ་གཅིག་ནང་དཔྱིད་གསར་སྐྱེལ་འདྲེན་ཕུད་པའི་མཐོ་ཤོས་སུ་སླེབས་པ་དང་ལྷག་དོན་དུ་རྫོགས་ལྡན་གཟའ་འཁོར་གྱི་འགོ་མཇུག་ཏུ་ཡུལ་སྐོར་བ་འགྲོ་མང་བའི་ས་ཆར་སྤ་སེ་ཧ་ཅང་དཀོན་པོ་ཡོད་པས། “རྫོགས་ལྡན་གཟའ་འཁོར་གཡོལ་བའི་ཕྱིར་ཐོན་ཡུལ་སྐོར”ཡང་དྲ་ཐོག་ཚོང་པ་མི་ཉུང་ཞིག་གི་བྲིན་སྐུལ་བྱེད་ཐབས་གཙོ་བོ་ཞིག་ཡིན།
          འདི་ལོ་ཡུལ་སྐོར་དྲ་ཚིགས་མང་པོས“རང་སོའི་ཁྱད་ཆོས་ལྡན་པ”དང་། “བར་སྦྲེལ་མེད་པར་བཟོ་བའི་རྣམ་པའི”ཐོག་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། དེ་བཞིན“རྫོགས་ལྡན་གཟའ་འཁོར་གཡོལ་བའི་ཕྱིར་ཐོན་ཡུལ་སྐོར”བཅས་ཀྱི་བྱེད་ཐབས་གསུམ་བཏོན་ནས་ངལ་གསོའི་དཔལ་འབྱོར་ཁེ་འབབ་ཐོབ་པ་བྱས་ཡོད། འོན་ཀྱང་རིགས་གཅིག་མཁས་ཅན་གྱིས་མིག་སྔར་རྒྱལ་ནང་གི་ཡུལ་སྐོར་ཐོན་རྫས་ནང་རང་སོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་འགོ་བཙུགས་མ་ཐག་ཡིན་པས་སྤྱོད་མཁན་གྱི་ཉམས་ལེན་དང་ཐོན་རྫས་ཞིབ་དབྱེའི་ཐད་ད་དུང་འཚར་ལོངས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད་ཅེས་བཤད་པ་རེད།