མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།།རྒྱལ་སྟོན་རྫོགས་ལྡན་གཟའ་འཁོར་རིང་རྒྱལ་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་དུང་
ཕྱུར་5.93ལ་སྣེ་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 08:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་སྟོན་ངལ་གསོའི་དུས་ཚོད་ཀྱི་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལས་མངོན་པར། 2016ལོའི་རྒྱལ་སྟོན་རྫོགས་ལྡན་གཟའ་འཁོར་རིང་ཡུལ་སྐོར་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེ་བ་དང་། འཁོར་རྒྱུག་སྒྲིག་ལམ་ཁྱོན་ཡོངས་ནས་བརྟན་པ། རྒྱལ་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་5.93ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་12.8%འཕར་བ། རིམ་རྩིས་བྱས་ན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4822ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་14.4%འཕར་ཡོད་པ་རེད།
         ངལ་གསོའི་དུས་ཚོད་རིང་པེ་ཅིང་དང་། ཐེན་ཅིན། ཧའེ་ནན་སོགས་ལམ་ཐག་རིང་བའི་ཡུལ་སྐོར་བྱ་ཡུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡོང་འབབ་བརྟན་པོའི་ངང་འཕར་ཡོད་པ་རེད། ཧུའུ་པེ་དང་ཧུའུ་ནན་སོགས་དབུས་རྒྱུད་ཞིང་ཆེན་གྱི་གནམ་གཤིས་ཅུང་ལེགས་པས་ཡུལ་སྐོར་བ་ཕྱིར་འགྲོ་རྒྱུ་འཚམ་པོ་ཡོད་ཅིང་། ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡོང་འབབ་འཕར་ཅུང་མགྱོགས་པོ་ཡོད། དེ་དང་ཆབས་ཅིག་རྒྱུད་གཅིག་ལམ་གཅིག་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་དར་གོས་ལམ་བུའི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ནང་སོག་དང་། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་གྱི་ཡུལ་སྐོར་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད་པ་རེད།
         རྒྱལ་སྒྲོལ་ཡུལ་སྐོར་ཐད། རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཡུལ་སྐོར་བའི་རྒྱལ་སྒྲོལ་མཆན་འགོད་སྲིད་ཇུས་མུ་མཐུད་ལྷུག་ཏུ་བཏང་བས་ཀྲུང་གོའི་སྤྱི་དམངས་རྒྱལ་སྒྲོལ་ཡུལ་སྐོར་ལ་སྐྱོད་པའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། “རྒྱལ་ཡོངས་ཀྱི་ཡུལ་སྐོར་ཚོགས་པའི་ཞབས་ཞུ་དོ་དམ་མ་ལག”ལས་མངོན་པར་གཞིགས་ན། ཟླ་10ཚེས་1ནས་7ཉིན་བར་རྒྱལ་སྒྲོལ་ཚོགས་ཞུགས་ཡུལ་སྐོར་བའི་བསྡོམས་འབོར་ཧ་ལམ་མི་ཁྲི་139.9ཟིན་པ་དང་ཉིན་རེར་ཆ་སྙོམས་བྱས་ན་ཚོགས་པར་ཞུགས་ནས་རྒྱལ་སྒྲོལ་ཡུལ་སྐོར་བྱེད་མཁན་མི་གྲངས་ཁྲི་20ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་1.9%འཕར་ཡོད་པ་རེད།