མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུས་རྒྱལ་སྟོན་རིང་རྒྱལ་ཡོངས་སུ་སྤྱི་ཚོགས་བརྟན་ལྷིང་བཅོས་སྐྱོང་གི་སྒྲིག་ལམ་
ཡག་པོ་ཡོད་ཚུལ་བཤད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ནི་རྒྱལ་སྟོན་རིང་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་ཁུངས་ཀྱིས་སྤྱི་བདེ་པུའི་བཀོད་སྒྲིག་དང་བླང་བྱར་གཞིགས་ནས་ཉེན་རྟོག་པ་ཡོངས་སྐུལ་སློང་བྱས་པ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་སྟོན་རིང་གི་བདེ་སྲུང་གི་བྱ་ཐབས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་གྱིས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་པོ་བརྟན་ལྷིང་དང་བདེ་འཇགས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ་བྱས་པས། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་དང་། མེ་སྐྱོན་ཐོན་གྲངས། ཉེས་དོན་གནས་ཚུལ་ཐོན་ཚད་དུས་མཚུངས་ལས་མངོན་གསལ་དོད་པོས་ཉུང་དུ་སོང་ནས་རྟེན་འབྲེལ་དང་བྱེད་སྒོ་ཆེ་མོའི་བདེ་འཇགས་ཀྱི་སྒྲིག་ལམ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ཁག་གི་སྒྲིག་འཛུགས་སྒྲིག་ལམ་ཡག་པོ་ཡོད་པ་རེད།
         འདི་ལོའི་རྒྱལ་སྟོན་རིང་ཡུལ་སྐོར་དུ་འགྲོ་མཁན་དང་། རྟེན་འབྲེལ་དང་བྱེད་སྒོ་ཆེ་མོ། འཁོར་རིགས་འགྲུལ་བཞུད་བཅས་མངོན་གསལ་དོད་པོས་མང་དུ་སོང་ནས་བདེ་སྲུང་གི་ལས་འགན་དཀའ་ཚེགས་ཆེན་པོར་གྱུར་སྟབས་སྤྱི་བདེ་པུས་མཐོང་ཆེན་པོ་བྱས་པ་དང་ཆེད་དོན་བཀོད་སྒྲིག་ཐེངས་མང་བྱས་ཏེ་ཉིན་རེའི་བཀོད་གཏོང་ཡག་པོ་བྱས་ཡོད་པ་རེད། ས་ཁུལ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁྱོན་ཡོངས་ནས་སྤེལ་ཏེ་དུས་ཆེན་རིང་གི་བདེ་སྲུང་ལས་ཀ་ཡག་པོ་བསྒྲུབས་ཡོད་པ་རེད། རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པས་རང་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་དང་མང་ཚོགས་ཕྱིར་འགྲོ་སྐབས་བདེ་འཇགས་སྲུང་སྐྱོང་བྱས་ཤིང་། ཚེས་7ཉིན་གྱི་ཆུ་ཚོད་19བར་ས་ཁུལ་ཁག་ལ་བྱེད་སྒོ་ཆེ་གྲས་ཐེངས་1448ཚང་མ་བདེ་འཇགས་དང་སྒྲིག་ལམ་ལྡན་པའི་ངང་གཉེར་བ་དང་། རྒྱལ་ཡོངས་ཀྱི་བདེ་འཇགས་སྒྲིག་ལམ་ཡང་ཡག་པོ་ཡོད་པས་ཉེས་དོན་གནས་ཚུལ་དུས་མཚུངས་ལས་18.7%ཆག་པ་དང་། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་གནས་སྟངས་ཡག་པོ་ཡོད་སྟབས་འགྲིམ་འགྲུལ་ལས་འཛོལ་ཐོན་གྲངས་དང་མི་ཤི་ཚད་དུས་མཚུངས་ལས་32.6%དང་31.7%སོ་སོར་ཆག་ནས་མི་10ཡན་ཤི་བའི་འགྲིམ་འགྲུལ་གྱི་ལས་འཛོལ་དོན་རྐྱེན་ཆེན་པོ་ཐོན་མེད་པ། རྒྱལ་ཡོངས་སུ་མེ་སྐྱོན་ཐོན་གྲངས་དང་མི་ཤི་ཚད་དུས་མཚུངས་ལས་9.8%དང་20%སོ་སོར་ཆག་ནས་མེ་སྐྱོན་ཅུང་ཆེ་རིགས་གང་ཡང་ཐོན་མེད་པ་བཅས་རེད།