མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་སྣ་གྲགས་ཅན་དང་ཏང་ཕྱིའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་འདས་
པོའི་སྐུ་ཟླ་གདན་དྲངས་ནས་དཔྱིད་གསར་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་11ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཚོགས་ཁང་ཆེ་མོར་དཔྱིད་གསར་བསུ་བའི་ཇ་སྟོན་ཚོགས་འདུའི་ཐོག་མི་སྣ་གྲགས་ཅན་དང་ཏང་ཕྱིའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་འདས་པོའི་སྐུ་ཟླ་གདན་དྲངས་ནས་མཉམ་འཛོམས་ཀྱིས་མཛའ་མཐུན་གླེང་བ་དང་འདས་ཟིན་པའི་གནས་ཚུལ་ཕྱིར་དྲན་བྱས་ཏེ་དཔྱིད་གསར་དུས་ཆེན་དགའ་བས་བསུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཕེབས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་གྱིས་ཇ་སྟོན་ཚོགས་འདུའི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་ནས་2016ལོར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་ཕྱིར་དྲན་བྱས་པ་དང་འབྲེལ་འདས་པའི་བགྲང་བྱ་གཅིག་གི་རིང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་མཉམ་འཛོམས་ཀྱི་བཀྲ་ཤིས་བྱ་བ་འཆར་རིམ་བཞིན་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་དཀའ་བ་ཁྱད་བསད་དང་གཟི་ཁྲེལ་མཉམ་དུ་མྱོང་བའི་ཏང་ཕྱིའི་གྲོགས་པོ་ཚོ་ལྷག་པར་དྲན་གྱི་འདུག གཅེན་མོ་རྒན་རབས་རྣམ་པ་ཚོས་དུང་ཞེན་ལྷག་པར་ཟབ་པའི་ཚེ་གང་གཏན་གྲོགས་དང་འཆི་གསོན་མཉམ་གནས་དང་། དཀའ་སྡུག་མཉམ་མྱོང་། མཉམ་དུ་འབད་བརྩོན་བྱས་ནས་མི་རིགས་དང་རྒྱལ་ཁབ་ལ་བྱས་རྗེས་ཆེན་པོ་བཞག་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་ཀྱི་བྱ་གཞག་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ནས་ལོ་རྒྱུས་དང་རྗེས་རབས་པར་རྩ་ཆེའི་རྒྱུ་ནོར་བཞག་སྟབས་ང་ཚོས་དེ་སྔར་བས་གཅེས་འཛིན་དང་། ནམ་ཡང་མི་བརྗེད་པ། རྒྱུན་འཛིན་དར་སྤེལ་བཅས་བྱེད་རིན་ཡོད་ལ། མི་དམངས་སྲིད་གྲོས་ནི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་པས། ང་ཚོས་སྔར་རྒྱུན་བཞིན་ཟོལ་མེད་བརྩེ་བས་གཅེན་མོ་རྒན་རབས་ཚོར་སེམས་ཁུར་དང་། ལྟ་རྟོག ཞབས་ཞུ་བཅས་ཡག་པོ་བྱ་རྒྱུ་མ་ཟད། གཅེན་མོ་རྒན་རབས་ཚོས་ཀྱང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་སེམས་ཁུར་དང་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་ལ་རྒྱབ་སྐྱོར་མུ་མཐུད་གནང་ནས་བསམ་འཆར་རྩ་ཆེན་གང་མང་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།