མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཉིན་གང་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་ཞུ་གསན་པ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་སྒྲོན་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
             ཚོགས་འདུའི་ཐོག་ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པར་འགག་རྩ་ཏང་ལ་ཐུག་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་རྒྱུ་དེ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དེ་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་དང་ཐོག་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་དམིགས་ཡུལ་གལ་ཆེན་ཞིག་ཡིན་ལ་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཀྱང་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》ལག་ལེན་ནན་པོ་བསྟར་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། ཏང་གི་དར་ཆ་དར་ཆར་བྱེད་པ་དང་། ཏང་གི་ཁ་ཕྱོགས་ཁ་ཕྱོགས་སུ་བྱེད་པ། ཏང་གི་འདོད་འདུན་གྱིས་འདོད་འདུན་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལས་དོན་ཁག་ནང་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
                ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ལམ་ལུགས་ཚད་ལྡན་དུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཡོད། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་སེམས་ནུས་ཡོད་རྒུས་ཤུགས་སྣོན་བརྒྱབ་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པའི་ངོས་འཛིན་གནང་བ་རེད།
               ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་རིང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་ནས་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམ་འཛིན་བྱེད་པའི་ཐད་གཞོགས་འདེགས་དང་། མང་ཚོགས་ཚོགས་པའི་ལས་དོན་དང་ལྷག་དོན་དུ་མང་ཚོགས་ཚོགས་པ་སྒྱུར་བཅོས་ལ་མཛུབ་ཁྲིད། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཡིག་ཆ་ཁག་གཅིག་བཟོ་བ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ། ཚོགས་འདུ་གལ་ཆེན་དང་དྲན་གསོའི་བྱེད་སྒོ་གལ་ཆེན་རབ་དང་རིམ་པ་ཡག་པོ་སྤེལ་བར་གཞོགས་འདེགས་བཅས་བྱས་པས། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པའི་ངོས་འཛིན་གནང་བ་རེད།
              ཚོགས་འདུའི་ཐོག་འདི་ལོ་ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་ཡིན་ལ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་བའི་ལོ་གལ་ཆེན་ཞིག་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་ཀྱང་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་སྔ་ཕྱི་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཀྲུང་དབྱང་གི་གང་གསུང་ཅི་སྒྲུབ་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་རང་འགན་གཙང་སྒྲུབ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཉེན་ཁ་སྣ་ཚོགས་ལ་དོགས་ཟོན་ནུས་ལྡན་དང་སེལ་བ་བཅས་བྱས་ནས་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཕྱོགས་ཁག་གི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ། ཏང་ཙུའུ་ཡི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
            ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་ཧྲུའུ་ཅི་ཁྲུའུ་ཡིས་སྣེ་ཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཆེད་ཐབས་དང་ཇུས་འདོན་པ། གཙོ་གནད་མངོན་གསལ་དོད་པ་དང་དོན་འཁྱོལ་ལ་དམ་འཛིན། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།