མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གེགས་འགོག་གེགས་སེལ་གེགས་སྐྱོབ་
ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་
སྐོར་གྱི་བསམ་འཆར་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་དབང་བསྐུར་པ་བཞིན་བཀྲམས་པའི་《གེགས་འགོག་གེགས་སེལ་གེགས་སྐྱོབ་ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ནང་དུ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱེད་པའི་ཁར་སྔོན་འགོག་གཙོ་བོར་བཟུང་ནས་འགོག་སེལ་སྐྱོབ་བཅས་ཟུང་འབྲེལ་བྱ་རྒྱུ་ཡང་མཐའ་འཁྱོངས་བྱས་ནས། གེགས་རྗེས་རོགས་སྐྱོབ་ལ་སྣང་ཆེན་བྱེད་པ་ནས་མ་བྱུང་སྔོན་འགོག་ལ་སྣང་ཆེན་བྱ་རྒྱུ་དང་། གནོད་འཚེ་སྣ་གཅིག་ལ་ཁ་གཏད་གཅོག་པ་ནས་ཕྱོགས་བསྡུས་གེགས་སེལ་བྱ་རྒྱུར་བསྒྱུར་ནས་སྤྱི་ཚོགས་ཡོངས་ཀྱིས་རང་བྱུང་གནོད་འཚེ་འགོག་སྲུང་བྱེད་པའི་ཕྱོགས་བསྡུས་འགོག་ཟོན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
             《བསམ་འཆར》ནང་དུ། གེགས་འགོག་གེགས་སེལ་གེགས་སྐྱོབ་ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བྱེད་པར་རིམ་དབྱེ་འགན་འཁུར་དང་གཏོགས་ཁོངས་དོ་དམ་གྱིས་གཙོས་པའི་རྩ་དོན་མཐའ་འཁྱོངས་བྱས་ཐོག་ས་གནས་ཀྱི་འཕྲལ་སྡོམ་གེགས་སྐྱོབ་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པ་མ་ཟད་ད་དུང་། རྒྱལ་ཁབ་ཀྱིས་བརྡ་ལན་བྱེད་དགོས་པའི་རིམ་པར་བསླེབས་པའི་རང་བྱུང་གནོད་འཚེའི་རིགས་ལ། ཀྲུང་དབྱང་གིས་སྤྱི་འདོམས་མཛུབ་ཁྲིད་དང་རྒྱབ་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ས་གནས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་གནོད་འཚེར་ཁ་གཏད་གཅོག་པའི་ཁྲོད་བྱེད་པོའི་ནུས་པ་འདོན་སྤེལ་དང་བྱེད་པོའི་འགན་འཁྲི་འཁུར་དགོས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་ཁག་སྲིད་གཞུང་གིས་གཅིག་གྱུར་གྱི་གེགས་འགོག་གེགས་སེལ་གེགས་སྐྱོབ་འགོ་ཁྲིད་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གེགས་འགོག་གེགས་སེལ་གེགས་སྐྱོབ་ཐད་ཀྱི་ལས་དོན་ཁག་སྤྱི་འདོམས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
             《བསམ་འཆར་》ནང་དུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་ཁྲོམ་ར་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། སྤྱི་ཚོགས་སྟོབས་ཤུགས་གེགས་སྐྱོབ་བྱ་སྤྱོད་ནང་ཞུགས་པའི་དཔྱད་དཔོག་དང་ལྟ་སྐུལ་དོ་དམ་མ་ལག་བཙུགས་ནས་གེགས་སྐྱོབ་ཞལ་འདེབས་སྒྲིག་འཛུགས་མཐུན་སྦྱོར་དང་། ཆ་འཕྲིན་ཡོངས་བསྒྲགས། དགོས་མཁོའི་སྟོན་ཕྱོགས་སོགས་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་སྟོབས་ཤུགས་རྒྱུན་རྣམ་གེགས་སེལ་དང་། འཕྲལ་སྡོམ་རོགས་སྐྱོབ། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ནང་ཕྱོགས་ཡོངས་ནས་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ཕྱོགས་མང་མཉམ་དུ་ཞུགས་པའི་སྤྱི་ཚོགས་ཅན་གྱི་གེགས་འགོག་གེགས་སེལ་གེགས་སྐྱོབ་རྣམ་པ་ཞིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
           《བསམ་འཆར་》ནང་དུ། གེགས་ཆེན་གྱི་འགན་བཅོལ་ལམ་ལུགས་བཟོ་མགྱོགས་སུ་བཏང་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག་གི་རིམ་མང་གེགས་ཆེན་ཉེན་ཁ་ཁ་འགྲེམས་ལམ་སྲོལ་རིམ་བཞིན་ཆགས་པར་བྱེད་དགོས་པ་དང་། དངོས་ཡོད་དགོས་མཁོ་དང་ཕུགས་གྱི་འཆར་འགོད་གཉིས་སྤྱི་འདོམས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་གི་ས་ཡོམ་གེགས་ཆེན་གྱི་འགན་བཅོལ་ལམ་ལུགས་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པ། ས་གནས་ཁག་གིས་གནོད་འཚེའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་གེགས་ཆེན་ཉེན་ཁ་འགན་སྲུང་ནུས་ལྡན་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་པ་བཅས་འཁོད་ཡོད་པ་རེད།