མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རིན་ཐང་སྒོར་དུང་ཕྱུར་
8000ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། 2016ལོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས“ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད”དམ་འཛིན་བྱ་གཞིར་བརྩིས་ནས། ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་བརྒྱུད། སྤྱི་ཚོགས་ཁེ་ལས་ལ་ཕྱིར་ཚོང་ཡོང་འབབ་འཕར་མ་སྒོར་དུང་ཕྱུར་3797དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར་472ཟིན་ཡོད་པ་དང་། ཁང་དང་སུའོ་ཡིས་ཁེ་ལས་ལ་མ་རྩ་བཞག་པར་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་3850དང་ཁེ་སྤོགས་སྒོར་དུང་ཕྱུར་134ཟིན་ཡོད་པ་རེད།
       ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཀྲང་ཡཱ་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས“ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད”སྤེལ་འགོ་བཙུགས་ཏེ། ཤེས་བྱའི་བདག་དབང་གཉེར་སྐྱོང་དོ་དམ་ལྟེ་གནས་འཛུགས་པ་དང་། ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་གྱི་གཙོ་གནད་ཆེད་དོན་རྣམ་གྲངས་(ཧུང་ཀོང་ཆེད་དོན་རྣམ་གྲངས)ལག་ལེན་བསྟར་བ། ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་གྱི་ཐེབས་རྩ་འཛུགས་པ་སོགས་བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད། གྲུབ་འབྲས་འབོར་ཆེན་ཞིག་གཞན་སྒྱུར་བཀོལ་སྤྱོད་ལ་སྐུལ་སྤེལ་བཏང་བ་རེད། སྲིད་ཇུས་ཀྱི་རིམ་པའི་ངོས་ནས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཚན་རྩལ་པུས་《དུས་སྐབས་གསར་པར་ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་ལ་སྐུལ་འདེད་གཏོང་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》མཉམ་དུ་པར་འགྲེམས་བྱས་ནས། ལས་ཁུངས་རིམ་ངོས་ཀྱི་ལས་ཀའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་བཏང་ཐོག་ཞིབ་འཇུག་སུའོ་ལ་དེ་བས་ཆེ་བའི་རང་རྟེན་དབང་ཆ་སྤྲད་པ་རེད། ཚན་ཞིབ་པའི་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སྤེལ་གང་ལེགས་གཏོང་ཕྱིར། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་《ཚན་རྩལ་པ་ལས་བྲལ་ལས་གཏོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》དང་《འགོ་ཁྲིད་པས་འགན་གཅིག་ལྕོགས་འཁུར་བ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་ལྕག་གཏོང་བའི་དོ་དམ་བྱ་ཐབས་》སོགས་སྲིད་ཇུས་ཡིག་ཆ་སྔ་རྗེས་སུ་བཏོན་ཏེ། ཞིབ་འཇུག་སུའོ་ཡི་ལས་བྲལ་ལས་གཏོད་སྲིད་ཇུས་ཚད་ལྡན་བཟོས་ཁར། ལས་བྲལ་ལས་གཏོད་པའི་ཁེ་དབང་ལ་འགན་ལེན་བྱས་པ་རེད།