མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་ཕྱི་ཕྱོགས་མ་དངུལ་བེད་སྤྱོད་
ཡག་པོ་བྱ་རྒྱུའི་བྱེད་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་ཕྱི་ཕྱོགས་མ་དངུལ་བེད་སྤྱོད་ཡག་པོ་བྱ་རྒྱུའི་བྱེད་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ་》(གཤམ་ལ་《བརྡ་ཐོ་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཕྱི་ཕྱོགས་མ་དངུལ་བེད་སྤྱོད་ཡག་པོ་བྱེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་བཀོད་སྒྲིག་བྱས་པ་རེད།
          《བརྡ་ཐོའི་》ནང་བསྟན་དོན། ཕྱི་ཕྱོགས་མ་དངུལ་བེད་སྤྱོད་བྱ་རྒྱུ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དེས་དཔལ་འབྱོར་འཕེལ་རྒྱས་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཕེལ་རིམ་ཁྲོད་ནུས་པ་ཧུར་ཐག་འདོན་སྤེལ་བྱེད་ཀྱི་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་རྒྱལ་སྒྲོལ་མ་འཇོག་དང་ཐོན་ལས་གཞན་སྒྱུར་ཐད་འཕེལ་ཕྱོགས་གསར་པ་ཞིག་མངོན་ནས། རང་རྒྱལ་གྱི་དཔལ་འབྱོར་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཐུབ་ཅིང་། དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་། ཕྱི་ཕྱོགས་མ་དངུལ་བེད་སྤྱོད་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་ཕྲད་ཡོད། 《སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག་》ལག་བསྟར་དོན་འཁྱོལ་བྱེད་པར། སྒོ་དབྱེའི་འཕེལ་རྒྱས་ཀྱི་འདུ་ཤེས་མཛུབ་ཁྲིད་དུ་བྱས་ནས་ཕྱི་ཕྱོགས་མ་དངུལ་སྔར་བས་བེད་སྤྱོད་ཧུར་ཐག་བྱེད་པ་དང་། གཉེར་སྐྱོང་དང་ཚོང་ལས་ཀྱི་ཁོར་ཡུག་ཡག་པོ་གཏོད་པའི་ཁར། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་པ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཀྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་བཏང་སྟེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས།
           《བརྡ་ཐོའི》ནང་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་རང་རྒྱལ་གྱིས་ཕྱི་ཕྱོགས་མ་དངུལ་བེད་སྤྱོད་བྱེད་པའི་ལས་དོན་གྱི་སྲིད་ཇུས་ཀྱི་སྟོན་ཕྱོགས་ཁ་གསལ་བཏོན་ནས་ཞིབ་ཕྲའི་བྱེད་ཐབས་ཁག་20བཏོན་པ་སྟེ། གཅིག་ནས་ཕྱི་ཕྱོགས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་དགོས་ཤིང་། 《ཕྱི་རྒྱལ་ཚོང་པའི་མ་འཇོག་ཐོན་ལས་ཀྱི་མཛུབ་ཁྲིད་དཀར་ཆག་》དང་དེའི་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་ནས། ཞབས་ཞུའི་ལས་རིགས་དང་། བཟོ་སྐྲུན་ལས་རིགས། གཏེར་ཁ་སྔོག་འདོན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་གྱི་འཇུག་འཐུས་ཚད་འཛིན་ལྷུག་ཏུ་གཏོང་བ་དང་། ཕྱི་ཕྱོགས་མ་འཇོག་ཁེ་ལས་ཀྱིས“ཀྲུང་གོའི་ལན་པར་2025”འཐབ་ཇུས་ཀྱི་སྲིད་ཇུས་དང་བྱེད་ཐབས་འདྲ་མཉམ་ངང་སྤྱོད་ཆོག་པ་དང་། ཕྱི་རྒྱལ་གྱི་ཚོང་པར་བཟོ་སྐྲུན་ལས་རིགས་ཀྱི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་ལྕག་བྱེད་དགོས་པ། ཕྱི་ཕྱོགས་མ་དངུལ་དམིགས་བསལ་ཆོག་འཐུས་ཀྱི་གཉེར་སྐྱོང་བྱེད་ཐབས་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། རྒྱལ་ཁབ་ཚན་རྩལ་འཆར་འགོད་རྣམ་གྲངས་ཐད་དུ་ཕྱི་ཕྱོགས་མ་འཇོག་ཁེ་ལས་ལ་སྒོ་མོ་ཕྱེ་ནས་ཕྱི་ཕྱོགས་མ་འཇོག་ཁེ་ལས་ཀྱིས་ཞིབ་སྤེལ་མ་དངུལ་གཏོང་ཤུགས་ཆེ་རུ་དང་མཆོག་རམས་པའི་ཚན་ཞིབ་ལས་དོན་ས་ཚིགས་འཛུགས་རྒྱུའི་རེ་ཞུར་རྒྱབ་སྐྱོར་བྱེད་དགོས་པ། ཕྱི་རྒྱལ་གྱི་མཐོ་རིམ་ཤེས་ལྡན་པ་ཀྲུང་གོར་ལས་གཏོད་འཕེལ་རྒྱས་གཏོང་བར་ཡོང་རྒྱུའི་ཡིད་དབང་འགུགས་ཐབས་བྱེད་དགོས་པ། གཉིས་ནས་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་སྔར་བས་གཏོད་དགོས་ཤིང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པའི་གཅིག་མཐུན་རང་བཞིན་འགན་ལེན་བྱས་ཏེ་ཕྱི་ཕྱོགས་མ་འཇོག་ཁེ་ལས་ཀྱི་ཚོད་འཛིན་ཚད་གཞི་རང་དགར་མང་དུ་གཏོང་མི་རུང་བ་དང་། གཅིག་གྱུར་གྱི་ཚད་གཞི་ལྟར་ཕྱི་ཕྱོགས་མ་འཇོག་ཁེ་ལས་ཀྱི་ལས་སྒོའི་ལག་ཁྱེར་དང་བབ་ཐོབ་རེ་ཞུར་ཞིབ་བཤེར་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་མ་འཇོག་ཁེ་ལས་རང་རྒྱལ་གྱི་ཚད་གཞི་ཅན་གྱི་ལས་དོན་ནང་འདྲ་མཉམ་ངང་ཞུགས་རྒྱུར་སྐུལ་འདེད་གཏོང་བ། སྲིད་གཞུང་གིས་ཕྱི་ཕྱོགས་མ་འཇོག་ཁེ་ལས་ཀྱིས་ཐོན་སྐྱེད་དངོས་རྫས་ཉོ་སྒྲུབ་བྱ་རྒྱུར་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་ཕྱི་ཕྱོགས་མ་འཇོག་ཁེ་ལས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ནན་པོ་བྱེད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་གི་མ་འཇོག་ཁེ་ལས་ཀྱི་གཅིག་གྱུར་ཐོ་འགོད་མ་རྩའི་ལམ་ལུགས་ལག་བསྟར་བྱས་ཏེ་ཕྱི་ཕྱོགས་མ་འཇོག་ཁེ་ལས་ལ་པར་གཞི་གཙོ་བོ་དང་། ཁེ་ལས་འབྲིང་ཆུང་གི་པར་གཞི། ལས་གཏོད་པར་གཞི་བཅས་ཁྲོམ་རའི་ཐོག་འདོན་རྒྱུར་རྒྱབ་སྐྱོར་བྱས་ནས་བུན་འཛིན་ཁྲོམ་རར་མ་དངུལ་བསྡུ་རུབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ། གསུམ་ནས་ཕྱི་ཕྱོགས་མ་དངུལ་ནང་འདྲེན་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། ས་གནས་སྲིད་གཞུང་ལ་ཁྲིམས་གཏན་འཁེལ་བའི་དབང་ཚད་ཁྱབ་ཁོངས་སུ་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་བཟོས་ནས་བཏོན་ཏེ་ལས་ཞུགས་དང་། དཔལ་འབྱོར་འཕེལ་རྒྱས། ལག་རྩལ་གསར་གཏོད་བཅས་ཀྱི་ཐད་ལེགས་སྐྱེས་ཕུལ་ཆེ་བའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་དགོས་པ། 《དབུས་ནུབ་ས་ཁུལ་གྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཀྱི་ལེགས་ཆའི་ཐོན་ལས་དཀར་ཆག་》ལ་བཟོ་བཅོས་བརྒྱབ་ནས། ནུབ་རྒྱུད་ས་ཁུལ་དུ་ཁེ་ལས་ཀྱི་ཐོབ་ཁྲལ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་དབུས་ནུབ་ས་ཁུལ་དང་བྱང་ཤར་ས་ཁུལ་གྱི་སྦྲེལ་མཐུད་ཐོན་ལས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་དགོས་པ། ལེགས་བསྡུས་ཞིབ་གཉེར་སྤྱོད་སའི་ཡར་སྐུལ་རིགས་ཀྱི་ཕྱི་ཕྱོགས་མ་འཇོག་བཟོ་ལས་རྣམ་གྲངས་ལ་མུ་མཐུད་ས་ཆ་སྔོན་ལ་མཁོ་སྤྲོད་བྱེད་དགོས་པ། ཕྱི་ཕྱོགས་མ་འཇོག་རྒྱལ་སྒྲོལ་ཀུང་སིའི་ཕྱི་དངུལ་གཅིག་སྡུད་གཉེར་སྐྱོང་དོ་དམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་དོ་དམ་གོ་རིམ་སྟབས་བདེར་གཏོང་དགོས།