མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས“ཁ་བྱང་ཏང་ཤོག”གི་གནད་དོན་བཅོས་
སྒྲིག་གཏིང་ཟབ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། དྲ་རྒྱའི་གླེང་ཕྱོགས་ཁོར་ཡུག་སྔར་བས་གཙང་སེལ་བྱེད་པ་དང་། ཁ་བྱང་གང་བྱུང་དུ་བསྒྱུར་ནས་གསར་འགྱུར་གྱི་མ་ཡིག་ནང་དོན་འཁྱོག་བཤད་བྱེད་པ་སོགས“ཁ་བྱང་ཏང་ཤོག”གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཕྱིར། ཉིན་ཤས་གོང་དུ་རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དུས་ཡུན་ཟླ་གཅིག་རིང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། ཤིན་ལང་དང་། སོའུ་ཧུའུ། ཝང་དབྱི། ཧྥེང་ཧོང་། ཅའོ་ཏེན་བཅས་མངོན་གསལ་དོད་པའི་གནད་དོན་ཡོད་པའི་དྲ་ཚིགས་5ལ་ཁྲིམས་བཞིན་ཆད་པ་བཅད་པ་དང་སྦྲགས། དྲ་སྦྲེལ་གྱི་གསར་འགྱུར་ཆ་འཕྲིན་གྱི་ཁ་བྱང་རྩོམ་བཟོ་བྱ་རྒྱུར་ཆེད་མངགས་ཀྱི་ཚད་གཞི་གཏན་འཁེལ་བྱས་པ་རེད།
          “ཁ་བྱང་ཏང་ཤོག”གི་གནད་དོན་ལ་བཅོས་སྒྲིག་ཕུ་ཐག་ཆོད་པ་བྱེད་པར་ཤུགས་སྣོན་རྒྱག་ཕྱིར། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་ད་དུང་《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་གྱི་ཁ་བྱང་ཚད་ལྡན་དོ་དམ་གཏན་འབེབས་(གནས་སྐབས་ལག་བསྟར)》(གཤམ་དུ་《གཏན་འབེབས་》ཞེས་པར་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། དྲ་ཚིགས་ཁག་གིས་དྲ་སྦྲེལ་གསར་འགྱུར་བསྡུ་སྒྲིག་དང་། རྩོམ་འབྲི། སྒྲིག་བཟོ། ཡོངས་བསྒྲགས་སོགས་བྱེད་པའི་ལྷུ་ཚིགས་ཁག་ནང་ཡང་དག་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་མཐའ་གཅིག་ཏུ་ཁྱབ་པ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་རེད། གསར་འགྱུར་རིགས་ཁག་དང་། ལྷག་པར་དུ་སྐབས་དོན་གསར་འགྱུར་གལ་ཆེན་དང་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་སོགས་ཆ་འཕྲིན་གལ་ཆེན་སྤེལ་སྐབས། ཁ་བྱང་གི་ནང་དོན་ལ་བརྟེན་ནས་ཡང་དག་པའི་ལངས་ཕྱོགས་དང་། ལྟ་བ། རྣམ་འགྱུར་བཅས་བརྒྱུད་སྒྲགས་བྱེད་དགོས་པ་མ་ཟད། ཕྱོགས་སྟོན་ཡང་དག་ཡིན་པ་དང་གསར་འགྱུར་གྱི་མི་ཆོས་ལ་སྲུང་བརྩི་ཞུ་བའི་འགན་ལེན་བྱས་ཏེ། བསམ་ངན་བཅངས་ནས་ཁ་བྱང་གང་བྱུང་དུ་བཟོ་བཅོས་རྒྱག་པའམ་ཡང་ན་མ་རུང་ཁོག་བཅངས་ཀྱིས་གླེང་ཕྱོགས་ཀྱི་གླེང་མང་བའི་གནད་དོན་བཟོ་རྒྱུ་གཏན་འགོག་བྱེད་དགོས།
         《གཏན་འབེབས་》ནང་། དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་རྩོམ་ཡིག་གི་ཁ་བྱང་ཡོངས་བསྒྲགས་བྱེད་པར་ཞིབ་དཔྱད་ཞུ་དག་གི་གོ་རིམ་ནན་པོ་བརྒྱུད་དེ། ཁ་བྱང་ནང་མ་ཡིག་གི་ནང་དོན་ལ་འཁྱོག་བཤད་དང་། ལུང་ཚིག་ལོག་འདྲེན། གཅིག་དཔེ་བརྒྱ་འགེབས། ཐ་སྙད་ལྐོག་བརྗེ། རྫུན་བཟོ་སྒྲོ་འདོགས། གཟུགས་མེད་གྲིབ་བཟོ་བཅས་དང་། ཐ་ཤལ་དང་། ཐ་ཤལ་ལ་དགའ་པོ། གཏུམ་སྤྱོད། ཁྲག་དྲི་དྲོ་བ། ཆགས་སྲེད་བཅས། སྙན་བརྗོད་བློ་འགུགས་དང་། ཚིག་མཚོན་འདེབས་པ། དམའ་འབེབས་བཅས། དེ་བཞིན་ཁྲིམས་ལུགས་ཁྲིམས་སྲོལ་གྱིས་གཏན་འགོག་ཁ་གསལ་བྱས་པ་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་སྲོལ་དང་གོམས་གཤིས་ལས་མངོན་གསལ་འགལ་བའི་ནང་དོན་གཞན་དག་བཅས་འཁོད་མི་ཆོག་པའི་འགན་ལེན་བྱེད་དགོས། ཁ་བྱང་ནང“དྲ་ཐོག་ཏུ་ཐེར་འདོན”དང“དྲ་ཐོག་བརྒྱུད་བསྒྲགས”སོགས་གོ་དོན་གཏན་འཁེལ་མེད་པའི་ཐ་སྙད་སྤྱད་དེ་གསར་འགྱུར་གྱི་གཞི་རྩའི་གནད་ཆེའི་ནང་དོན་འཕྲིན་སྤེལ་དང་རྒྱས་གླེང་བྱེད་མི་ཆོག སྒྲོ་འདོགས་དང་། ཁྱད་མཚར་བ། ལུགས་དང་མ་མཐུན་པ་བཅས་ཀྱིས་ནང་དོན་མཚོན་ཐབས་བྱེད་པ་སོགས“ཁ་བྱང་ ཏང་ཤོག”གི་བྱེད་སྤྱོད་གཏན་འགོག་བྱེད་དགོས། ལྐོག་བརྡ་དང་ཁྲིད་སྟོན་གྱི་ནང་དོན་ལྡན་པའི་དྲ་ངོས་བཟོ་སྒྲིག་དང་ཁ་བྱང་སྦྲེལ་མཐུད་སོགས་དྲ་ངོས་ཀྱི་བརྡ་ཆད་ངན་པར་བརྟེན་ནས་ཕྱོགས་སྟོན་འཁྲུལ་ཅན་བརྒྱུད་བསྒྲགས་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་བཅས་སྔར་བས་ཁ་གསལ་བཟོས་ཡོད་པ་རེད།