མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《སྦྲག་ཐོག་ནས་སྐུར་མི་ཆོག་པའི་དངོས་རིགས་དོ་དམ་གཏན་འབེབས་》གསར་པ་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་སྤྱི་བདེ་པུའུ་དང་རྒྱལ་ཁབ་བདེ་འཇགས་པུའུ་གཉིས་དང་མཉམ་དུ་《སྦྲག་ཐོག་ནས་སྐུར་མི་ཆོག་པའི་དངོས་རིགས་དོ་དམ་གཏན་འབེབས་》(གཤམ་དུ《གཏན་འབེབས་》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་2007ལོའི་པར་མའི་སྦྲག་ཐོག་ནས་བསྐུར་མི་ཆོག་པའི་དངོས་རིགས་གསལ་སྟོན་དཀར་ཆག་གི་འབྲེལ་ཡོད་ནང་དོན་ལ་ཁ་གསབ་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 《གཏན་འབེབས་》ནང་དུ་སྦྲག་ཐོག་ནས་སྐུར་མི་ཆོག་པའི་དངོས་རིགས་ཀྱི་ནང་དོན་ཐེངས་དང་པོར་ཁ་གསལ་བཟོས་ནས་སྦྲག་ཐོག་ནས་སྐུར་མི་ཆོག་པའི་དངོས་རིགས་ཀྱི་ཁྱབ་ཁོངས་དབྱེ་འབྱེད་གསལ་པོ་བྱས་ཡོད་པ་སྟེ། གཅིག་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་། སྤྱི་ཚོགས་སྒྲིག་ལམ་ཟང་ཟིང་བཟོ་བ། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བརླག་གཏོང་བ་བཅས་ཀྱི་དངོས་པོ་སྣ་ཚོགས་དང་། གཉིས་ནི་སྦྲག་སྐུར་བདེ་འཇགས་ལ་གནོད་པའི་འབར་གས་རང་བཞིན་དང་། འབར་སླའི་རང་བཞིན། རུལ་བསླད་རང་བཞིན། དུག་སྐྱོན་རང་བཞིན། འགོ་བའི་རང་བཞིན། འགྱེད་འཕྲོའི་རང་བཞིན་བཅས་ཀྱི་དངོས་རིགས། གསུམ་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་གཏན་འབེབས་བྱས་པའི་སྦྲག་སྐུར་མི་ཆོག་པའི་དངོས་རིགས་གཞན་དག་བཅས་ཡིན་པ་རེད།
         《གཏན་འབེབས་》ནང་དུ། སྦྲག་ཐོག་སྐུར་མ་དང་མྱུར་སྐྱེལ་དངོས་ཟོག་སྐུར་མཁན་གྱིས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ཁག་གི་སྐུར་མི་ཆོག་པའི་དངོས་རིགས་སྐོར་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་སྦྲག་སྐུར་བྱེད་མི་ཆོག་པའི་དངོས་རིགས་སྦྲག་སྐུར་བྱེད་མི་ཆོག་པ་དང་། སྦྲག་ཐོག་སྐུར་མ་དང་མྱུར་སྐྱེལ་དངོས་ཟོག་ནང་སྦྲག་སྐུར་བྱེད་མི་ཆོག་པའི་དངོས་རིགས་སྦས་ནས་སྦྲག་སྐུར་བྱེད་མི་ཆོག སྦྲག་ཐོག་ནས་སྐུར་མི་ཆོག་པའི་དངོས་རིགས་དག་དངོས་རིགས་གཞན་དག་ཡིན་ཞེས་རྫུན་ཞུ་བྱས་ནས་སྦྲག་སྐུར་བྱེད་མི་ཆོག་པ་སོགས་ཀྱི་བླང་བྱ་ཁ་གསལ་བཏོན་པ་དང་སྦྲགས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》དང་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ། སྦྲག་ཐོག་ནས་བསྐུར་མི་ཆོག་པའི་དངོས་རིགས་ཁྲིམས་འགལ་ངང་ལེན་སྐུར་བྱེད་མཁན་སྦྲག་སྐུར་ཁེ་ལས་ལ། སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས་ཆད་པ་གཅོད་རྒྱུ་དང་། གལ་སྲིད་སྦྲག་སྐུར་ཁེ་ལས་ཀྱིས་སྒྲིག་འགལ་ངང་ལེན་སྐུར་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་མཐོ་ཤོས་ལ་སྒོར་ཁྲི་50ཡི་སྲིད་འཛིན་ཆད་པ་གཅོད་སྲིད།