མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2016ལོར་བཟའ་བཅའི་དཔེ་འཐེན་ཞིབ་བཤེར་གྱི་ཚད་གཞི་ལོན་ཚད་96.8%ཟིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 2016ལོར་རང་རྒྱལ་གྱི་བཟའ་བཅའི་དཔེ་འཐེན་ཞིབ་བཤེར་གྱི་ཚད་གཞི་ལོན་ཚད་96.8%ཟིན་ནས་2015ལོ་དང་གཅིག་མཚུངས་ཡིན་པ་དང་2014ལོ་ལས་བརྒྱ་ཆའི་གྲངས་2.1མཐོ་རུ་ཕྱིན་ཡོད། འཐེན་བཤེར་བྱེད་རིང་ཚད་གཞི་མ་ལོན་པའི་ཐོན་རྫས་ཀྱི་གནད་དོན་གཙོ་བོ་ནི་ཁྱབ་ཁོངས་ལས་བརྒལ་བ་དང་ཚད་ལས་བརྒལ་བའི་ངང་བཟའ་བཅའི་སྦྱོར་རྟ་སྤྱད་པ་དེ་རེད།
        རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའོ་ཝུན་ཆིས་2016ལོར། མཁོ་ཆས་མང་པོར་དཔེ་འཐེན་ཞིབ་བཤེར་་བྱས་པར་ཚད་གཞི་ལོན་ཚད་སྤྱི་ཡོངས་ནས་མཐོ་ཙམ་རྒྱུན་འཁྱོངས་ཐུབ་པ་སྟེ། འབྲུ་རིགས་ལས་སྣོན་ཐོན་རྫས་98.2%དང་། བཟའ་བཅའི་སྣུམ་དང་། སྣུམ་ཚིལ་དེ་བཞིན་དེའི་བཟོས་རྫས་97.8% ཤ་དང་། སྒོ་ང་། སྔོ་ཚལ། ཤིང་ཏོག་སོགས་བཟའ་བྱའི་ཞིང་ལས་ཐོན་རྫས་98.0% དཀར་ཕྱུར་ཐོན་རྫས་99.5%བཅས་ཟིན་པ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་ཆེ་ཙམ་བྱེད་པའི་ཕྲུ་གུ་དམར་འབྱར་དང་བྱིས་པའི་འོ་རྩམ་ལ་འཐེན་བཤེར་ཐེངས་2532བྱས་པ་དང་དེའི་ཁྲོད་ཀྱི་0.9%ཡི་དངོས་དཔེ་བཟའ་བཅའ་བདེ་འཇགས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་གྱི་མེད་པ་དང་0.4%ཡི་དངོས་དཔེ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་གྱི་ཡོད་མོད། འོན་ཀྱང་ཐོན་རྫས་འཐུམ་སྒྲིལ་གྱི་ཤོག་བྱང་གི་སྟོན་གྲངས་དང་མཐུན་གྱི་མེད་ཅེས་ངོ་སྤྲོད་བྱས་པ་རེད།
        2016ལོར་འཐེན་བཤེར་བྱེད་རིང་ཚད་གཞི་མ་ལོན་པའི་ཐོན་རྫས་ཀྱི་གནད་དོན་གཙོ་བོའི་གྲས་སུ། གཅིག་ནི་ཁྱབ་ཁོངས་ལས་བརྒལ་བ་དང་ཚད་ལས་བརྒལ་བའི་ངང་བཟའ་བཅའི་སྦྱོར་རྟ་སྤྱད་པ་དེས་ཚད་གཞི་མ་ལོན་པའི་དངོས་དཔེའི་33.6%བཟུང་བ་དང་། གཉིས་ནི་སྐྱེ་དངོས་ཕྲ་རབ་ཀྱི་སྦགས་བཙོག་ཡིན་པ་དང་དེས་ཚད་གཞི་མ་ལོན་པའི་དངོས་དཔེའི་30.7%བཟུང་བ་དང་དེའི་ཁྲོད་ནད་སློང་རང་བཞིན་གྱི་སྐྱེ་དངོས་ཕྲ་རབ་ལས་བྱུང་བའི་ཚད་གཞི་མ་ལོན་པའི་དངོས་དཔེས་25.6%བཟུང་བ། གསུམ་ནི་སྤུས་ཚད་དམིགས་ཚད་ཚད་གཞི་དང་མ་མཐུན་པ་ཡིན་པ་དང་དེས་ཚད་གཞི་མ་ལོན་པའི་དངོས་དཔེའི་17.5%བཟུང་བ། བཞི་ནི་ལྕི་བའི་ལྕགས་རིགས་སོགས་རྒྱུ་ཆའི་སྦགས་བཙོག་ཡིན་པ་དང་དེས་ཚད་གཞི་མ་ལོན་པའི་དངོས་དཔེའི་8.2%བཟུང་བ། ལྔ་ནི་ཞིང་སྨན་དང་ཕྱུགས་སྨན་གྱི་ལྷག་རོ་ཚད་གཞི་དང་མ་མཐུན་པ་ཡིན་པ་དང་དེས་ཚད་གཞི་མ་ལོན་པའི་དངོས་དཔེའི་5.5%བཟུང་བ་བཅས་ཚུད་ཡོད།