ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་དབྱང་དམག་ཨུད་ཀྱི་ཏང་འཛུགས་སྐྱོང་གི་ཚོགས་འདུར་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་21ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ཞི་ཅིན་ཕིང་ཀྲུང་དབྱང་དམག་ཨུད་ཀྱི་ཏང་འཛུགས་སྐྱོང་གི་ཚོགས་འདུར་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་གནང་བ།

              མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཏང་འཛུགས་སྐྱོང་གི་ཚོགས་འདུ་ཚེས་17ཉིན་ནས་19ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དེ་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པར་སྐུལ་འདེད་གཏོང་བའི་ལྡོག་མེད་བླང་བྱ་དང་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་བླང་བྱ་ཞིག་རེད། དམག་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དོན་འཁྱོལ་བྱེད་པ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། དམག་གྲབས་དམག་རྒྱག་ལ་དམ་དུ་དམིགས་པ་མཐའ་འཁྱོངས་བྱེད་པ། རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ལས་དོན་གྱི་སྤུས་ཚད་ལ་ཤུགས་སྣོན་རྒྱག་རྒྱུ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་ཡག་པོ་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཆབ་སྲིད་ཐོག་དམག་དཔུང་འཛུགས་སྐྱོང་དང་སྟངས་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ལྷག་པར་དུ་ཀུའུ་ཐན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་འཚོགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་རྒྱུར་དམ་འཛིན་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། སྤྱོད་ཚུལ་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་སྒྲིག་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་བརྟེན་ནས་བློ་སེམས་གཅིག་སྡུད་བྱ་རྒྱུ་མཐའ་འཁྱོངས། ཏང་རྩ་འཛུགས་འགྱུར་མེད་སྟོབས་ལྡན་ཡོང་བ་བྱ་རྒྱུ་མཐའ་འཁྱོངས། དམག་དཔུང་གི་ལས་བྱེད་པ་ཡག་པོའི་ཚད་གཞི་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་དང་ངན་པ་ཚར་གཅོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་དམག་ཡོངས་ཀྱི་སྣེ་ཁྲིད་དེ་རྩ་བ་ཁུངས་འདེད་དང་རྙིང་འབུད་གསར་བརྗེ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་དེ་ལྷུག་ལྷོད་འཇམ་གསུམ་ནས་དམ་ནན་བཙན་གསུམ་དུ་སྒྱུར་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བསྟན་གནང་བ་རེད།
           ཞི་ཅིན་ཕིང་གིས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་རང་དམག་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་བའི་འགག་རྩ་ཡིན་པས་དམག་དཔུང་སྟོབས་ཆེའི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་བསྐྲུན་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་འབད་བརྩོན་ཆེན་པོ་བྱས་ཏེ་རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ཐད་ལྷག་པའི་འགལ་ཟླའི་གནད་དོན་དང་ཞན་ཆ་ཐག་གཅོད་བྱས་ཐོག་རང་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ལས་དོན་དེ་བས་དམ་ཟབ་དང་ཏན་ཏིག་ངང་དམ་འཛིན་བྱེད་པ་དང་རང་དམག་གི་རིམ་ཁག་ཏང་རྩ་འཛུགས་ཁག་དེ་བས་འགྱུར་མེད་སྟོབས་ལྡན་དུ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ནི་ཏང་གིས་འགོ་ཁྲིད་དང་ཏང་འཛུགས་སྐྱོང་གི་ལས་དོན་ལ་རང་དམག་གིས་ཤུགས་སྣོན་རྒྱག་པའི་ལས་འགན་གལ་ཆེན་ཨང་དང་པོ་དེ་རེད། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དམག་ཡོངས་ལ་ཁྲིད་སྟོན་གྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དགོངས་པས་དཔོན་དམག་གི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་དཔུང་སྡེས་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བས་རྩ་འཛུགས་སྟོབས་ཆེན་བྱུང་ཚེ་དམག་དཔུང་སྟོབས་ཆེན་ཡོང་སྲིད། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་དམག་གྲབས་དམག་རྒྱག་གི་འགན་འཁྲི་དང་ལས་འགན་གཙོ་བོར་དམ་དུ་དམིགས་ཏེ་རང་དམག་གི་ཏང་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རིམ་ཁག་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་། རྩ་འཛུགས་ནུས་པ། ལག་བསྟར་ནུས་པ་བཅས་ཆེ་རུ་བཏང་སྟེ་ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ་དེ་རྒྱལ་ཁ་ལེན་ཐུབ་པའི་ལེགས་ཆར་འགྱུར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་རང་དམག་གི་ཏང་གི་རྩ་འཛུགས་མ་ལག་ཁྲོད་ཅུན་རིམ་པ་ཡན་གྱི་མཐོ་རིམ་ཏང་ཨུད་ཀྱི་གནས་བབ་གལ་ཆེ་བ་དང་འགན་འཁྲི་ཆེན་པོ་ཡོད། དར་ཆ་གསལ་སྟོན་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག ཆབ་སྲིད་ཀྱི་དད་སེམས་བརྟན་པོ། ཆབ་སྲིད་ཀྱི་ནུས་པ་མཐོར་གཏོང་། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པའི་འགན་ལེན་བཅས་བྱེད་དགོས། མཐོ་རིམ་ཏང་ཨུད་ཀྱིས་དམག་གྲབས་དམག་རྒྱག་ལ་དམ་འཛིན་བྱས་ཏེ་འཐབ་ཇུས་ཇུས་འགོད་བྱེད་ནུས་དང་། དངོས་འཐབ་དངོས་གྲབས་ཀྱི་ནུས་པ། སྒྱུར་བཅོས་གསར་གཏོད་ཀྱི་ནུས་པ། ཚན་རིག་དང་མཐུན་པའི་དོ་དམ་ནུས་པ། དོན་འཁྱོལ་ལ་དམ་འཛིན་བྱེད་ནུས་བཅས་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་ཐབས་ལམ་ནི་མི་སྣ་གསོ་སྐྱོང་བྱ་རྒྱུར་རག་ལུས་ཡོད། ལས་བྱེད་པ་གསོ་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བཏོད་དེ་དམག་དཔུང་སྟོབས་ཆེན་དང་རྒྱལ་ཁ་ལེན་ཐུབ་པའི་འདུན་པ་ཆེན་པོ་བཅངས་པའི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་གཅིག་སྡུད་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་ཤེས་ལྡན་པའི་ཐོན་ཁུངས་ནི་དམག་དཔུང་སྟོབས་ཆེན་དང་དར་རྒྱས་གཏོང་བའི་རྩ་ཆེའི་ཐབས་ཇུས་ཐོན་ཁུངས་ཤིག་རེད། “ཕྱོགས་གསུམ་གཞི་གཅིག”གི་དམག་དོན་ཤེས་ལྡན་པ་གསར་པ་གསོ་སྐྱོང་བྱེད་པའི་མ་ལག་ཅིག་མགྱོགས་མྱུར་བསྐྲུན་ནས་མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་ཤེས་ལྡན་པ་དང་། དམག་འཐབ་སྟོབས་ཤུགས་ཀྱི་ཤེས་ལྡན་པ་གསར་པ། རིམ་པ་མཐོ་བའི་ཚན་རྩལ་གྱི་གསར་གཏོད་ཤེས་ལྡན་པ། ཆུ་ཚད་མཐོ་བའི་ཐབས་ཇུས་དོ་དམ་གྱི་ཤེས་ལྡན་པ་བཅས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲེལ་ཡོད་རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཞི་བའི་ལས་འགན་འཁུར་མཁན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་བྱ་རྒྱུ་ཟུང་འབྲེལ་དང་། ལྕག་སྐུལ་དང་ཚོད་འཛིན་གལ་ཆེ་མཉམ་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་ལ་བསྔགས་སྐུལ་དང་གསར་གཏོད་ལ་བསྔགས་སྐུལ་བྱས་ཏེ་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཚང་མའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས་ཞེས་བསྟན་གནང་བ་རེད།
          ཞི་ཅིན་ཕིང་གིས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་ངར་ཤུགས་ལ་བརྟེན་ནས་ནན་པོ་བྱ་རྒྱུ་གཙོ་བོར་འཛིན་པ་དང་། ཕྱོགས་ཡོངས་ནས་ནན་པོ་བྱེད་པ། ནན་པོ་མཐར་ཕྱིན་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་རང་དམག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ལ་བཙན་འདེད་དྲག་རྡུང་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པ་བཟོ་དགོས། དམག་དཔུང་སྐྱོང་སྟངས་མགྱོགས་མྱུར་འགྱུར་ལྡོག་བཏང་སྟེ་ཁྲིམས་གཏན་འཁེལ་བའི་འགན་འཁྲི་དང་དབང་ཚད་ལྟར་ལས་འགན་སྒྲུབ་པ་དང་དབང་ཆ་སྤྱོད་པ་དང་། བཀའ་ཁྲིམས་སྲོལ་ཡིག་དང་སྒྲིག་སྲོལ་ལམ་ལུགས་གཞིར་བཟུང་ལས་དོན་སྤེལ་དགོས། སྒྲིག་ཁྲིམས་སློབ་གསོ་གཏིང་ཟབ་སྤེལ་ནས་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ་དང་། བཙན་ཞིང་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱས་ཏེ་རྣམ་པར་གཞིགས་ནས་བྱ་སྤྱོད་ལ་འགྱུར་ལྡོག་གཏོང་མི་རུང་། བཀག་སྡོམ་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་མཐའ་འཁྱོངས་དང་། བཀག་འགོག་ལ་མཐོང་ཆེན་དང་། དམ་བསྒྲགས་ལ་ཤུགས་སྣོན། ཡུན་རིང་ཟིལ་གྱིས་གནོན་པ་བཅས་མཐའ་འཁྱོངས། ལྐོག་ཟ་ལྐོག་རྔན་ལེན་པའི་བྱེད་སྤྱོད་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དབང་ཆ་འཁོར་རྒྱུག་ཚོད་འཛིན་དང་ལྟ་སྐུལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ཀྱི་རླུང་ཙེ་དམ་ནན་བཟོས་ཏེ་དབང་ཆ་དེ་སྒྲིག་ལམ་གྱི་ཚོད་འཛིན་ལས་འགལ་རྒྱུའི་གོ་སྐབས་སྤྲོད་མི་རུང་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།