མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་རྒན་གྲས་ལ་འཕྲིན་ལན་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་01ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་30ཉིན་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་རྒན་གྲས་8ལ་འཕྲིན་ལན་སྤྲིངས་ཏེ་ཁོང་རྣམ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་མ་ཟད། མཛེས་དཔྱད་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ནས་ཀྲུང་ཧྭའི་མཛེས་དཔྱད་སློབ་གསོའི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་ཐུགས་རེ་ཟབ་མོའང་བཏོན་གནང་བ་རེད།
         ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། དུས་ཡུན་རིང་པོར་ཁྱེད་རྣམས་ཀྱིས་ཐུགས་བརྩོན་གནང་ནས་དཔེ་ཁྲིད་མི་སྐྱོང་ལ་འབད་པ་དང་བློ་སེམས་རྩེ་གཅིག་གིས་སྒྱུ་རྩལ་གསར་རྩོམ་གནང་སྟེ་ཏང་དང་མི་དམངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་གནང་ཡོད། སྐུ་ན་བགྲེས་པོར་ཕེབས་ཀྱང་ཁྱེད་རྣམ་པས་ཐོག་མའི་བསམ་འདུན་མ་དོར་བར་སྔར་བཞིན་མེས་རྒྱལ་གྱི་རྒྱུན་འཛིན་པ་གསོ་སྐྱོང་ལ་བརྩེ་སེམས་བཅངས་ཤིང་། ལྷག་དོན་དུ་ཀྲོའུ་ལིན་ཀྲའོ་སོགས་བློ་མཐུན་དགུང་ལོ་བརྒྱ་ལ་ཉེ་བར་ཕེབས་ནའང་སྔར་བཞིན་མཛེས་དཔྱད་སློབ་གསོ་དང་མཛེས་རྩལ་བྱ་གཞག་གོང་འཕེལ་འགྲོ་བར་དོན་གཉེར་ཧུར་ཐག་གནང་བ་དང་། ལྷག་བསམ་དཀར་པོ་དེར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་ཁྱེད་རྣམ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས།
        ཞི་ཅིན་ཕིང་གིས་མཛེས་རྩལ་སློབ་གསོ་ནི་མཛེས་དཔྱད་སློབ་གསོའི་གྲུབ་ཆ་གལ་ཆེན་ཡིན་ལ་སེམས་ཁམས་ཡག་པོ་སྐྱོང་བའི་ཐད་ནུས་པ་གལ་ཆེན་ལྡན་ཡོད། ཁྱེད་རྣམས་ཀྱིས་མཛེས་དཔྱད་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་དགོངས་ཚུལ་བཏོན་པ་ནི་ཧ་ཅང་དགོས་ངེས་ཤིག་རེད། མཛེས་དཔྱད་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པར་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་ཀྱི་འཚོ་བར་གཞི་འཛུགས་པ་དང་། མཛེས་དཔྱད་སློབ་གསོའི་ཁྱད་ཆོས་ལ་བརྩི་སྲུང་བྱེད་པ། ཀྲུང་ཧྭའི་མཛེས་དཔྱད་སློབ་གསོའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་མེས་རྒྱལ་གྱི་ན་གཞོན་མི་རབས་ཀྱི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་དབྱང་མཛེས་རྩལ་སློབ་གླིང་བཙུགས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་མཚམས་སུ། སློབ་གླིང་གིས་ཡང་དག་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་གྱིས་དམངས་ཆེད་རྒྱལ་གཅེས་དང་ཀུན་སྤྱོད་དང་སྒྱུ་རྩལ་གོང་བཀུར་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། བྱམས་བརྩེའི་ངང་སློབ་མ་ཇི་སྙེད་སྐྱོང་བ། སྒྱུ་རྩལ་གྱི་མཛེས་པ་ཆེན་པོའི་བརྩམས་ཆོས་བསྐལ་བརྒྱར་འཇོག་པ་བཅས་ཀྱི་སྒོ་ནས་སློབ་གླིང་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཡུལ་ཞིག་ཏུ་ཧུར་ཐག་ངང་གཉེར་རྒྱུའི་རེ་བ་ཡོད་ཅེས་ཀྱང་གསུངས་པ་རེད།