མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཟུར་པ་དང་འགན་གསར་དུ་ཁུར་
མཁན་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གཙོ་བདག་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་06ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན། 2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་མཇུག་འགྲིལ་རྗེས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཟུར་པ་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཧྥུའུ་ས་དང་། འགན་གསར་དུ་ཁུར་མཁན་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ་དང་ལྷན་དུ་མི་དམངས་ཚོགས་ཁང་ཆེ་མོར་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཁོངས་མིའི་ཕྱོགས་ཀྱི་འགོ་ཁྲིད་པ་པེ་ཅིང་དུ་ལྷན་འཛོམས་གནང་ནས“མཉམ་ལས་གཉིས་ཁེ་ཡོང་བར་བྱས་ནས་ལག་གདང་སྦྲེལ་ཏེ་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི”བརྗོད་དོན་གཙོ་བོར་དམིགས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཇུས་འགོད་བཏིང་བ་དང་སྦྲགས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་བརྗིད་ཆེའི་འཆར་གཞི་ཡང་བཀོད་ཡོད། ཚོགས་འདུའི་ཐོག་《དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་སྐོར་གྱི་པེ་ཅིང་གི་བསྒྲགས་གཏམ་》སྤེལ་བ་དང་། 《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས། པེ་ཅིང་གི་བྱ་སྤྱོད་འཆར་གཞི་》ལ་གྲོས་འཆམ་བྱུང་ནས་འཛམ་གླིང་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་བརྡ་རྟགས་ཤུགས་ཆེན་བཏང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
       ཞི་ཅིན་ཕིང་གིས་ལག་གདང་སྦྲེལ་ནས་འགན་འཁྲི་མཉམ་འཁུར་དང་། མཉམ་ལས་གཉིས་ཕན། བདེ་སྐྱིད་མཉམ་སྤྱོད། རིག་གནས་མཉམ་དར། བདེ་འཇགས་མཉམ་སྐྲུན། ཞི་མཐུན་མཉམ་གནས་བཅས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཐད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་དབར་མོས་མཐུན་གཅིག་མཐུན་བྱུང་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ལ་སྐུལ་གཏོང་དང་། སྒྲིག་བཀོད་མཉམ་འབྲེལ། ཚོང་དོན་སྟབས་བདེ་ཅན། ལྗང་མདོག་འཕེལ་རྒྱས། འཇོན་ཐང་ཆེར་གཏོང་། བདེ་ཐང་འཕྲོད་བསྟེན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས། ཞི་བདེ་བདེ་འཇགས་བཅས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”གཙོ་གནད་ལག་ལེན་ཡག་པོ་བསྟར་དགོས། ཀྲུང་གོས་ཟོལ་མེད་མཛའ་བརྩེའི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་མུ་མཐུད་བཟུང་ནས་ཨ་ཧྥེ་རི་ཁ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་ཏན་ཏིག་འགྲོ་བ་དང་ཡུན་རིང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་མཉམ་ལས་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་གཉིས་ཕན་གཉིས་ཁེ་དང་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་མཉམ་ལས་རོགས་ཟླར་མཉམ་ཤུགས་ཆགས་ནས་ཐུན་མོང་ཐོག་ཨ་ཧྥེ་རི་ཁའི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་གང་ཐད་ནས་ཨ་ཧྥེ་རི་ཁའི་བདག་དབང་ལ་བརྩི་འཇོག་དང་། ཨ་ཧྥེ་རི་ཁའི་བསམ་འཆར་ཉན་པ། ཨ་ཧྥེ་རི་ཁའི་འདོད་ཚུལ་ལ་མཐོང་ཆེན། ཨ་ཧྥེ་རི་ཁར་ཁས་ལེན་བྱས་པ་དག་དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པར་གནད་དོན་གལ་ཆེན་མཐའ་དག་ཐད་ཐུན་མོང་གི་ངོས་འཛིན་བྱུང་ནས་ཐུན་མོང་གི་བསམ་ཚུལ་གླེང་ཡོད། པེ་ཅིང་གི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཕྱེ་ཡོད་ལ་ལྷོ་ལྷོ་མཉམ་ལས་ཀྱི་དུས་རབས་ཀྱི་མཛད་རྗེས་རྡོ་རིང་གསར་པ་ཡང་བཙུགས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ནི་རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པ་དང་ལྷོ་ལྷོ་མཉམ་ལས་བྱེད་པའི་དར་ཆ་ཞིག་ཏུ་གྱུར་ཡོད། པེ་ཅིང་གི་དབུ་ཚོགས་བདེ་བླག་ངང་འཚོགས་པ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་རྒྱུར་སྐུལ་མ་ཐེབས་ནས་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱེ་ཡོད། ང་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཏན་ཏིག་གཉེར་བ་དང་སྟོབས་ཆེར་གཏོང་བ། པེ་ཅིང་གི་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་དང་ཕན་འབྲས་ཆེ་བའི་ངང་དོན་འཁྱོལ་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པས་དབུ་ཚོགས་བདེ་བླག་འཚོག་རྒྱུར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིགས་ཁག་ཧུར་ཐག་ཞུགས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར་26ལྷག་ཙམ་གྱི་རྒྱབ་སྐྱོར་ཧུར་ཐག་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་རླབས་ཆེན་བྱ་གཞག་ལ་གྲུབ་འབྲས་ཐོབ་ངེས་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་ཡིན་ཞེས་གསུངས། 
         ལ་མ་ཧྥུའུ་ས་དང་ས་ལེས་ཤིས་ཚིག་གསུང་སྐབས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཉེར་ནས་ལོ་18སོང་ཚུན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་པོ་དང་ལྷག་དོན་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཕུགས་བསམ་གྱི་ལས་སྟེགས་སུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ང་ཚོས་ལྷག་བསམ་རྣམ་དག་ངང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱིས་ད་ཐེངས་ཀྱི་པེ་ཅིང་གི་དབུ་ཚོགས་བདེ་བླག་ངང་གཙོ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། པེ་ཅིང་གྲོང་ཁྱེར་གྱི་མི་དམངས་ཀྱིས་སེམས་རྩ་འཁོལ་བའི་མཛའ་མཐུན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པེ་ཅིང་གི་འཕེལ་རྒྱས་གྲུབ་འབྲས་དང་གཙང་ཞིང་གྲལ་སྒྲིག་པའི་གྲོང་ཁྱེར་གྱི་བཀོད་པས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་། ད་ཐེངས་ཀྱི་དབུ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་སྤུན་ཟླ་ལྟ་བུའི་མཛའ་གྲོགས་ཟབ་མོ་གང་ལེགས་མངོན་ཡོད་ལ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཀྱི་འཆར་གཞི་གསར་པའང་བཀོད་ཡོད། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་བྱ་ཐབས་གསར་པ་དོན་འཁྱོལ་ཡག་པོ། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་བྱས་ཏེ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་འདོད་ཡོད་ཅེས་བརྗོད།