མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གི་《ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱེད་དགོས་》ཞེས་པ་
དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གི་《ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཀྱི་ཧྲུའུ་ཅི་བྱེད་དགོས་》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།
         དཔེ་དེབ་ནང་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུད་ཧྲུའུ་ཅིའི་ཞིབ་འཇུག་གཟབ་སྦྱོང་འཛིན་གྲྭའི་སློབ་མའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་སོགས་གསུང་རྩོམ་ཟིན་བྲིས་རྩོམ་ཡིག་དྲུག་བསྡུས་ཡོད་པ་དང་། གསུང་རྩོམ་དེ་དག་ཡོངས་བསྒྲགས་སུ་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞིས་ཅིན་ཕིང་གིས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་། རྫོང་ཁོངས་བཅོས་སྒྲིག རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་དང་ཏང་གི་རྩ་འཛུགས་འཛུགས་སྐྱོང་བཅས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཇི་ལྟར་བྱས་ཏེ་རྫོང་ཨུད་ཧྲུའུ་ཅི་ཡག་པོ་ཞིག་བྱེད་དགོས་པ་དང་ཇི་ལྟར་བྱས་ནས་རྫོང་ཁོངས་ཀྱི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་རྒྱས་བཤད་ཐེངས་མང་གནང་མྱོང་ཡོད་ཅིང་། ཁོང་གིས་རང་རེའི་ཏང་གི་རྩ་འཛུགས་གྲུབ་ཆ་དང་རྒྱལ་ཁབ་ཀྱི་སྲིད་དབང་གྲུབ་ཆའི་ཁྲོད་རྫོང་རིམ་པ་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལྷུ་ཚིགས་སུ་གནས་པ་དང་། དཔལ་འབྱོར་གོང་འཕེལ་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་བཅས་ཀྱི་གལ་ཆེའི་རྨང་གཞི་ཞིག་ཡིན་ལ་ལས་བྱེད་པ་ལས་སྒྲུབ་ལས་གཏོད་དང་། སྦྱོང་བརྡར་དང་འཚར་སྐྱེས་ཡོང་བའི་གཞི་རྩའི་ནུས་རྩལ་སྦྱོང་བའི་རྟེན་གཞི་ཞིག་ཀྱང་ཡིན། རྫོང་ཨུད་ནི་རང་རེའི་ཏང་གི་སྲིད་འཛིན་རྒྱལ་དར་གྱི“མདུན་ཕྱོགས་བཀོད་འདོམས་པུའུ”དང་རྫོང་ཨུད་ཧྲུའུ་ཅི་ནི“མདུན་ཕྱོགས་བཀོད་འདོམས་པ”ཞིག་ཡིན་ལ་རྫོང་ཁོངས་ཀྱི་རྒྱལ་སྐྱོང་སྲིད་གཉེར་གྱི་རང་རེའི་ཏང་གི་རྐང་འཛིན་སྟོབས་ཤུགས་ཤིག་ཀྱང་ཡིན་ཞེས་མཛུབ་སྟོན་གནང་མྱོང་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་རྫོང་ཨུད་ཧྲུའུ་ཅི་ཞིག་བྱེད་པར་ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཧྲུའུ་ཅི་བྱེད་དགོས། རྫོང་ཨུད་ཧྲུའུ་ཅི་ཡག་པོ་ཞིག་བྱེད་པར་ངེས་པར་དུ་སྔ་བར་ཕྱི་གསུམ་དུ་སེམས་ནང་ཏང་ཡོད་པ་དང་། སེམས་ནང་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྒྲིག་ཁྲིམས་ཡོད་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་དོན་རྟོགས་པ་དང་། འཕེལ་རྒྱས་ཀྱི་ལམ་འབྱེད་པ། མང་ཚོགས་ཀྱི་སྙིང་ཉེ་བ། ཚན་ཁག་གི་སྣེ་ཁྲིད་པ་ཞིག་བྱེད་དགོས་པ་དང་། རྫོང་སྟོབས་ཆེར་གཏོང་རྒྱུ་དང་དམངས་ཕྱུག་གཅིག་གྱུར་ཡོང་བ་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་འབྲེལ་མཐུད་ཐུབ་རྒྱུ་དང་ཟུང་འབྲེལ་བྱས་ཐོག་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ཏན་ཏན་ཏིག་ཏིག་ངང་རྒྱག་དགོས་པའི་ནན་བཤད་གནང་ཡོད་པ་རེད། གསུང་བཤད་དེ་དག་ཕུགས་ལ་དམིགས་པ་དང་ནང་དོན་ཕུན་སུམ་ཚོགས་པོ་ཞིག་ཡོད་པས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་དང་ལྷག་དོན་དུ་རྫོང་ཨུད་ཧྲུའུ་ཅིའི་དཔུང་ཁག་ཅིག་གསོ་སྦྱོང་གིས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ངོས་ནས་བརྗོད་ཚེ་གལ་ཆེའི་མཛུབ་ཁྲིད་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པ་རེད།