མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས་ཚན་
པ་2དང་མི་སྒེར་1ལ་གཟི་བརྗིད་མཚན་སྙན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས་ཚན་པ་2དང་མི་སྒེར་1ལ་གཟི་བརྗིད་མཚན་སྙན་གནང་བ་རེད།
         དཔུང་སྡེ་69316པའི་གནམ་དཔྱད་ས་ཚིགས་མཐའ་སྲུང་བརྒྱ་ཤོག་ལ“མཐུན་སྒྲིལ་དམག་འཐབ་ཀྱི་དཔེ་བཟང་བརྒྱ་ཤོག”གི་གཟི་བརྗིད་མཚན་སྙན་སྤྲད་པ།
         བཀའ་རྒྱའི་ནང་ལོ་བཅུ་ཕྲག་ཁ་ཤས་རིང་བརྒྱ་ཤོག་དེའི་སྐབས་རིམ་བྱུང་གི་དཔོན་དམག་ཚོས་རང་བྱུང་ཁོར་ཡུག་ཞན་པ་དང་རྙོག་འཛིང་ཆེ་བའི་མཐའ་སྲུང་འཐབ་རྩོད་ཀྱི་ནང་དུ་རང་དམག་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་བའི་ཁར། མཐུན་སྒྲིལ་མཛའ་བརྩེར་བརྟེན་ནས་དམག་མིའི་ངར་ཤུགས་གཅིག་ཏུ་འགྲིལ་བར་བྱས་པ་དང་། ཤི་གསོན་མཉམ་མྱོང་ལ་བརྟེན་ནས་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་སྟེ་རྒྱལ་སྲུང་མཐའ་སྲུང་གི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་འཁུར་ཡོད། བརྒྱ་ཤོག་དེར་དམག་ཁུལ་ཁང་གིས་མཐའ་སྲུང་ལས་སྒྲུབ་སྔོན་ཐོན་ཚན་པར་ཐེངས་གཉིས་བདམས་ནས་གཟེངས་བསྟོད་བྱས་པ་དང་། ལོ་ལྟར་དམག་དོན་སྦྱོང་བརྡར་གྱི་རིམ་པ་དང་པོའི་ཚན་པ་དང་གཞི་རིམ་འཛུགས་སྐྲུན་དཔེ་དམག་ཚན་པར་བདམས་ཡོད། 1998ལོ་ནས་བཟུང་། བྱས་རྗེས་རིམ་པ་དང་པོ་ཐེངས་2དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་4 བྱས་རྗེས་རིམ་པ་གསུམ་པ་ཐེངས་3བཅས་གཟི་བརྗིད་ངང་བཏོད་པས། སྐབས་དང་པོའི་དམག་ཡོངས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལག་བསྟར་བྱེད་མཁན་གྱི་དཔེ་དམག་ཚན་པར་བདམས་ཡོད་ཅེས་མཛུབ་སྟོན་བྱས་ཡོད།
         དཔུང་སྡེ་73122པའི་ཡན་ལག་རུ་ཁག་61ལ“དམག་དཔུང་སྟོབས་ཆེར་གཏོང་བའི་དྲག་རྩལ་རྩེ་གྲའི་དམར་དམག་བརྒྱ་ཤོག་བཞི་པའི”གཟི་བརྗིད་མཚན་སྙན་སྤྲད་པ།
         བཀའ་རྒྱའི་ནང་ཡན་ལག་རུ་ཁག་དེ་1927ལོར་ཧོང་མཱ་འོས་ལངས་ནང་བཙུགས་པ་དང་། དེ་ནི་བྱས་རྗེས་གཟེངས་སུ་ཐོན་པ་དང་དཔའ་བོ་དཔེ་བཟང་མང་པོ་ཐོན་པའི་དམར་དམག་བརྒྱ་ཤོག་ཅིག་རེད། ཉེ་བའི་ལོ་ཤས་རིང་། ཡན་ལག་རུ་ཁག་དེས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ཤུགས་ཆེན་བྱེད་པ་དང་དམག་དཔུང་སྟོབས་ཆེའི་དམིགས་ཚད་ལ་བརྟེན་ནས་བརྒྱ་ཤོག་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམག་དཔུང་རྩེ་གྲ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཡོད། སྐབས་རིམ་བྱུང་གི་གཙོ་འགན་ཁུར་མཁན་དམག་དཔོན་ཚང་མ་ནི་ཕུལ་བྱུང་གི་བཀོད་འདོམས་དམག་དཔོན་ཡིན་པ་དང་། ལས་བྱེད་པ་དང་ཧྲེ་ཀོན་དམག་མི་100%“ཤེས་པ་བཞིའི”རྩལ་ཁྲིད་པའི་ཚད་གཞིར་སླེབས་ནས་ཧྲི་ཡན་གྱི་དམག་དོན་དྲག་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་ཁག་24ཐོབ་པ་དང་། མི་74ལ་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་ཡོད། གཟི་བརྗིད་མཚན་སྙན་ཐེངས་6སྔ་རྗེས་སུ་ཐོབ་པ་དང་། བྱས་རྗེས་རིམ་པ་དང་པོ་ཐེངས་1དང་། བྱས་རྗེས་རིམ་པ་གཉིས་པ་ཐེངས་20 བྱས་རྗེས་རིམ་པ་གསུམ་པ་ཐེངས་22བཅས་གཟི་བརྗིད་ངང་བཏོད་ཡོད་ཅེས་མཛུབ་སྟོན་བྱས་ཡོད།
         དཔུང་སྡེ་96315པའི་ཡན་ལག་རུ་ཁག་42པའི་མཐོ་རིམ་བཟོ་བཀོད་པ་ཐན་ཆིང་ཆོན་ལ“རལ་གྲི་ལྡན་པའི་གདོང་མཆོང་བའི”གཟི་བརྗིད་མཚན་སྙན་སྤྲད་པ།
         བཀའ་རྒྱའི་ནང་བློ་མཐུན་ཐན་ཆིང་ཆོན་གྱིས་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་དད་སེམས་བརྟན་པོ་མཐའ་འཁྱོངས་ཀྱིས་མི་སྒེར་གྱི་འདུན་པ་དེ་འཕུར་མདེལ་བྱ་གཞག་ནང་རང་རྟོགས་ངང་མཉམ་འདྲེས་བྱས་ནས་ལས་ཟློས་སྦྱོང་བརྡར་གྱི་སྒྲིག་ཆས་80ལྷག་ཙམ་སྣེ་ཁྲིད་དེ་ཞིབ་བཟོ་བྱས་པ་དང་། ཆེད་ལས་སློབ་གཞིའི་དེབ་28རྩོམ་འབྲི་བྱས་པ། ལག་རྩལ་ཐད་ཀྱི་དཀའ་གནད་200ལྷག་ཙམ་བསལ་ཡོད། ཚན་ཞིབ་གྲུབ་འབྲས་4ལ་དམག་དཔུང་གི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཐོབ་པ་མ་ཟད། མེ་སྒྱོགས་དམག་གཉིས་པའི་འཕུར་མདེལ་རིགས་གཅིག་མཁས་ཅན་ལ་བདམས་པ་དང་། དམག་ཡོངས་ཀྱི་དམག་འཐབ་དཔུང་སྡེའི་ཕུལ་བྱུང་ཆེད་ལས་ལག་རྩལ་ཤེས་ལྡན་པར་བདམས་པ། སྐབས་དང་པོའི་དམག་ཡོངས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ལག་བསྟར་བྱེད་མཁན་གྱི་དཔེ་དམག་ལ་བདམས་པ། ཁོང་གིས་ད་དུང་བྱས་རྗེས་རིམ་པ་གཉིས་པ་ཐེངས་2དང་བྱས་རྗེས་རིམ་པ་གསུམ་པ་ཐེངས་6སྔ་རྗེས་སུ་གཟི་བརྗིད་ངང་བཏོད་ཡོད། ལྷག་པར་དུ་2011ལོར་ཁོང་ལ་འབྲས་སྐྲན་གྱི་ནད་གཞི་ཕོག་རྗེས“གསོན་ན་འཕུར་མདེལ་འགྲམ་དུ་གསོན། འགྱེལ་ན་གཡུལ་སར་འགྱེལ”ཞེས་པའི་དམ་བཅའ་སྔར་བཞིན་བརྟན་པོར་སྲུང་པའི་བྱས་རྗེས་ཀྱིས་མི་རྣམས་སེམས་འགུལ་ཆེན་པོ་ཐེབས་ཡོད་ཅེས་མཛུབ་སྟོན་བྱས་ཡོད།
         ཀྲུང་དབྱང་དམག་ཨུད་ཀྱིས་དམག་ཡོངས་ཀྱི་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་ཚོར་མཚན་སྙན་ཐོབ་པའི་ཚན་པ་དང་མི་སྒེར་མིག་དཔེར་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་དོན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས་མཐུན་སྒྲིལ་ཡར་ཐོན་དང་། གསར་འབྱེད་གསར་གཏོད། འབད་བརྩོན་ལྷོད་མེད་བཅས་ཀྱི་ཐོག་ནས་དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་དང་། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་འབོད་སྐུལ་བྱས་པ་རེད།