མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་
གནད་ཀྱི་འཆར་ཟིན་ལ་གྲོས་བསྡུར་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་མ་ཟིན་དང་ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། 2015ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཡིད་ཆེས་བརྟན་པོ་དང་རྨད་དུ་བྱུང་བའི་བློ་སྟོབས་ཀྱི་ཐོག་ནས་དཀའ་སེལ་འགག་སྒྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་དང་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་ནས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་བ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ནི་རང་རྒྱལ་གྱི་འཕེལ་རྒྱས་ཐད་སྤྱིར་བཏང་གཏན་ནས་མིན་པའི་དུས་སྐབས་ཤིག་རེད། འགྱུར་ལྡོག་མང་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལས་འགན་ལྕི་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་ནས་འབད་འབུངས་ཧུར་ལེན་དང་གསར་འབྱེད་ཡར་བརྩོན་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། དཔལ་འབྱོར་རྒྱུན་མཐུད་དང་ཅུང་མྱུར་བའི་ངང་འཕེལ་རྒྱས་ཕྱིན་པ་དང་། གྲུབ་ཆ་ལེགས་སྒྲིག་ཐད་མཚོན་རྟགས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། ཚན་རྩལ་གསར་གཏོད་ཐད་ཚད་བརྒལ་གལ་ཆེན་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། རིག་གནས་འཇམ་ཤུགས། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་བཅས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་དང་སྐྱེ་སྟོབས་ཆེན་པོ་གང་ལེགས་མངོན་ཡོད་པས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་མུ་མཐུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ཐེབས་ངེས་ཡིན།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཚན་རིག་དང་མཐུན་པའི་ངང་བཟོ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། ཁོང་དུ་ཆུད་པ། སྣེ་ཁྲིད་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།
            ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་སུ་ཀྲུང་གོའི་ཁྱད་ཆོས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གཙོ་རྐང་དུ་བྱེད་པ། མཁོ་སྤྲོད་ནུས་ལྡན་ཐུབ་ཁྱོན་ཆེ་རུ་གཏོང་བ། ནུས་ལྡན་གྱི་དགོས་མཁོ་སྐོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་ཀྱི་སྒྲིག་གཞི་དང་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཆགས་པ་བྱེད་པ། འཐབ་ཇུས་ཀྱི་ཚུགས་ནུས་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ། དུས་བཀག་བཞིན་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྨང་གཞི་དེ་བས་བརྟན་པ་འདིང་དགོས།
        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཞིབ་དཔྱད་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་བའི་བརྒྱུད་རིམ་ནང་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་གྱིས་འཆར་འགོད་རྩ་གནད་ཏན་ཏིག་ངང་ཡག་པོ་བཟོས་ནས་འཆར་འགོད་རྩ་གནད་སྔར་ལས་ལེགས་པའི་ངང་ལག་ལེན་བསྟར་ཐུབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
         ཚོགས་འདུའི་ཐོག་2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཚུགས་ལོ་ཞིག་ཡིན་ལ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་ཡིན། དེར་བརྟེན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས་འཕེལ་རྒྱས་གཏོང་རྒྱུ་ལས་འགན་གལ་ཆེན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས། གསར་གཏོད་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ། སྤྱི་ཁོག་སྲིད་ཇུས་བརྟན་པོ། ཐོན་ལས་སྲིད་ཇུས་གནད་ལ་འཁེལ་བ། བྱེ་བྲག་སྲིད་ཇུས་ཚགས་ཚུད། སྒྱུར་བཅོས་སྲིད་ཇུས་ཏན་ཏིག སྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལག་ལེན་བསྟར་བ། དཔལ་འབྱོར་འཕར་རྒྱུ་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་དོ་སྙོམས་ཡོང་རྒྱུ་སྟངས་འཛིན་ཡག་པོ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་ཁུལ་དུ་གནས་རྒྱུ་རྒྱུན་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ། སྲོལ་རྒྱུན་གྱི་དགེ་མཚན་ཆེ་རིགས་ལེགས་བཅོས་དང་ཆེ་རུ་གཏོང་བ། ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པ་བཟོ་བ། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ་བཅས་ལ་དམ་འཛིན་ཡག་པོ་བྱེད་པ། དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སྲུང་ལེགས་པར་བྱེད་པ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཡག་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།