མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        ——སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་གསུམ་པ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
         དེང་སྐབས་གླེང་ཕྱོགས་ཀྱི་ཁོར་ཡུག་དང་། སྨྱན་སྦྱོར་ཆགས་སྟངས། བརྒྱུད་བསྒྲགས་བྱེད་ཐབས་བཅས་ཚང་མར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་དེ་ངེས་པར་དུ་འགྱུར་ལྡོག་དེ་རིགས་དང་འཚམ་ཐུབ་པ་བྱས་ཏེ་གསར་འགྱུར་བརྒྱུད་བསྒྲགས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་བྱེད་ཐབས་གསར་གཏོད་བྱས་ནས་བརྒྱུད་བསྒྲགས་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཀུན་གྱིས་ཡིད་ཆེས་བྱེད་ཤུགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལས་ཀའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་གནད་དོན་དེ་མངོན་གསལ་དུ་ནན་བཤད་གནང་བ་མ་ཟད། དེའི་ཐད་རྒྱས་བཤད་གཏིང་ཟབ་ཀྱང་གནང་བར་བརྟེན་དུས་བབ་གསར་པའི་འོག་གསར་འགྱུར་གླེང་ཕྱོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
        གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་འགག་རྩ་ཡིན། ད་ཆ་ཀློག་པ་པོའི་དགོས་མཁོ་ཆེ་རུ་འགྲོ་བ་དང་། ཞུགས་པའི་འདུ་ཤེས་ཇེ་ཆེར་འགྲོ་བ། བསམ་བློའི་འདུ་ཤེས་སྣེ་མང་དུ་འགྲོ་བ་བཅས་གསར་འགྱུར་བརྒྱུད་བསྒྲགས་ཐད་མི་ཀུན་གྱིས་བརྒྱུད་བསྒྲགས་དང་། ཕྱོགས་མང་བརྒྱུད་བསྒྲགས། བརྒྱུད་བསྒྲགས་བྱེད་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། གལ་ཏེ་སྟོང་བཤད་རྐྱང་རྐྱང་བྱེད་པ་དང་། ལུད་ལུད་ཤོར་པ། ཚགས་པར་ཚང་མ་ནང་དོན་གཅིག་པ་བཅས་བྱས་ཚེ། ཐོན་ཐུབ་པའི་ནུས་པ་ཐོན་མི་ཐུབ། ངེས་པར་དུ་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འདུ་ཤེས་དང་། ནང་དོན། རྩོམ་ལུགས། བྱེད་ཐབས། ལས་ཀའི་རྣམ་པ། སྒྲིག་སྲོལ། ལམ་སྲོལ་བཅས་གསར་གཏོད་བྱས་ཏེ་ལྟ་ཉན་མི་འདྲ་བ་དང་ཧེ་བག་ཅན་གྱི་བརྒྱུད་བསྒྲགས་འཕེལ་ཕྱོགས་དང་འཚམ་པ་བྱེད་པ་དང་། སྨྱན་སྦྱོར་གྱི་ཁྱད་ཆོས་མངོན་པ། ལྟ་ཉན་བྱེད་མཁན་གཏན་འཁེལ། གླེང་གཞི་བཟོ་མཁས་པོ་བཅས་བྱས་ནས་བརྗོད་དོན་གཅིག་པ་ཡིན་ཡང་བརྒྱུད་བསྒྲགས་སྣ་མང་བྱས་ཐོག་ཕན་འབྲས་ཐོན་པ་བྱེད་པ། ཕྱོགས་མང་དང་། རིམ་པ་མང་བ། བརྗོད་དོན་ཟབ་པ་བཅས་ཀྱི་གཙོ་རྒྱུན་གླེང་ཕྱོགས་ཀྱི་འཐབ་ས་ཆགས་པ་བཅས་བྱས་ཏེ་གླེང་ཕྱོགས་ཁྲིད་སྟོན་གྱི་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པ་བྱེད་དགོས།
         གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། མི་གང་དུ་ཡོད་ན་གླེང་ཕྱོགས་འཐབ་ས་དེར་ཡོད་པ་བྱེད་དགོས། གསར་འགྱུར་གླེང་ཕྱོགས་ཀྱི་མཐོ་ས་བཟུང་དགོས་ན། ངེས་པར་དུ་གོ་སྐབས་མི་ཤོར་བར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རང་འགུལ་ངང་གསར་འགྱུར་སྨྱན་སྦྱོར་གསར་པའི་བརྒྱུད་བསྒྲགས་ཀྱི་ལེགས་ཆར་བརྟེན་ནས་མང་ཚོགས་དང་མཉམ་དུ་ཆ་འཕྲིན་སྤེལ་རེས་བྱེད་པའི་ཐབས་ལམ་གསར་པ་གཏོད་པ་དང་འབྲེལ་ཡག་པོ་སྤྱོད་དགོས། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས“+དྲ་སྦྲེལ”ཁོ་ནའི་ཐོག་མི་ལུས་པ་དང་། སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་སྦྲེལ་མཐུད་སྟབས་བདེ་མི་བྱེད་པར། “དྲ་སྦྲེལ+”དངོས་འབྲེལ་མངོན་འགྱུར་ཐུབ་པ་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་དེ“མཉམ་འདྲེས་ཙམ”ནས“མཉམ་འདྲེས་ཟབ་མོ་བྱ་རྒྱུར”མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གཙོ་རྒྱུན་སྨྱན་སྦྱོར་གསར་པ་གཏོད་རྒྱུར་ཤུགས་བརྒྱབ་ནས་སྲོལ་རྒྱུན་གཙོ་རྒྱུན་སྨྱན་སྦྱོར་གྱི་ནང་དོན་གྱི་དགེ་མཚན་དེ་གསར་དར་སྨྱན་སྦྱོར་གྱི་ཆ་རྐྱེན་འོག་བརྒྱུད་བསྒྲགས་ཀྱི་དགེ་མཚན་ཐོན་པ་བྱེད་དགོས།
        གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་སྤྱིའི་ཐོག་གི་སྐད་ཆ་ཤོད་དབང་མང་དུ་གཏོང་རྒྱུ་ནི་ནང་དོན་གལ་ཆེན་ཡིན། ཆ་འཕྲིན་ནང་ཁྱབ་ཕྱི་ཁྱབ་ཀྱི་ཧེ་བག་དང་། ཀྲུང་གོའི་གནས་ཚུལ་ངོ་མ་དང་ནུབ་ཕྱོགས་བའི་ལྟ་བའི་དབར་གྱི་ཧེ་བག མཉེན་ཤུགས་དང་མཁྲེགས་ཤུགས་དབར་གྱི་ཧེ་བག་བཅས་རྐྱེན་གྱིས་རྒྱལ་སྤྱིའི་ཐོག་རྒྱུ་མཚན་ཡོད་ཀྱང་ཤོད་མི་ཐུབ་པ་དང་བཤད་ཀྱང་ཕན་འབྲས་མི་ཐོན་པའི་གནས་ཚུལ་དེས་ང་ཚོའི་ཕྱི་ཕྱོགས་བརྒྱུད་བསྒྲགས་ཐད་ཀྱི་ཞན་ཆ་མངོན་གྱི་ཡོད། ངེས་པར་དུ་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནས་ཚུལ་ཤོད་རྒྱུ་དང་རྒྱུ་མཚན་ཤོད་རྒྱུར་བརྩོན་པ་དང་། མི་རྣམས་ཀྱིས་ཁས་ལེན་ཐུབ་པའི་བྱེད་ཐབས་ཐོག་ནས་རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་ཤུགས་རྐྱེན་ནུས་པ་ཆེ་རུ་ཧུར་ཐག་བཏང་སྟེ་འཛམ་བུ་གླིང་གིས་ཀྲུང་གོའི་སྐད་སྒྲ་ཐོས་ཐུབ་པ་དང་གསལ་པོ་ཐོས་ཐུབ་པ་བྱེད་དགོས།
         གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་ལ་ཡུན་རིང་འབད་བརྩོན་བྱེད་དགོས་པ་ཞིག་ཀྱང་ཡིན། གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་ཏན་ཏིག་བྱས་ནས་དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་ཧུར་ཐག སློབ་སྦྱོང་ཞིབ་འཇུག་ལ་ཤུགས་སྣོན། དཀའ་གནད་སྒྲོལ་རྒྱུར་ཤུགས་རྒྱག་པ། རང་ངོས་བྱང་ཚད་དང་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བར་དེ་བས་ལེགས་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་འོས་འགན་དེ་བས་ལེགས་པའི་སྒོ་ནས་ཁུར་དགོས།