མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཕུའུ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་02ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
            ཞི་ཅིན་ཕིང་གིས་ཀྲུང་གོ་དང་ནི་ཀྲེར་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་ཞིག་དང་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླ་བཟང་པོ་ཞིག་རེད། ཕྱོགས་གཉིས་པོས་མཛའ་མཐུན་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས།
           ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲེར་ཕྱོགས་དང་མཉམ་དུ་སྨན་བཅོས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་རྒྱུ། འགྲིམ་འགྲུལ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱིས་མཉམ་སྦྲེལ་མཉམ་མཐུད་ཀྱི་ཤུགས་སྣོན་ལ་འབད་བརྩོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ནི་ཀྲེར་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཐད་འབད་བརྩོན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་དང་འབྲེལ། མུ་མཐུད་ཕྱོགས་གཉིས་པོ་དང་ཐབས་ལམ་མང་པོ་ནས་ས་ཧེ་ལེ་ས་རྒྱུད་ཀྱི་རྒྱལ་ཁབ་ལྔ་པོའི་མཉམ་འབྲེལ་དམག་དཔུང་འཛུགས་སྐྱོང་ལ་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།
          དབྱི་སུའུ་ཕུའུ་ཡིས་ཀྲུང་གོས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ཉེ་བའི་ལོ་40ཙམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་གོང་འཕེལ་མྱུར་པོ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱབ་ཁོངས་ཁག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པར་ནི་ཀྲེར་ཕྱོགས་ཀྱིས་བརྩི་འཇོག་ཡིད་སྨོན་བྱེད་ཀྱི་ཡོད་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་བརྗོད།