མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་། 《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཚང་མར་སྐོར་གཟིགས་ཁྱབ་པ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ》དང《“སློབ་སྦྱོང་ གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་ཞིབ་བྱེད་རྒྱུར་འབུལ་རྩིས་ཡོད་པའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》མ་ཟིན་ལ་གྲོས་བསྡུར་གནང་བ་དང་། 《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཚང་མར་སྐོར་གཟིགས་ཁྱབ་པ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་》དང་《“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། 2016ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་ཞུམ་མེད་མདུན་སྐྱོད་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་གྲུབ་ཟིན་པ་དང་། དཔལ་འབྱོར་འཁོར་སྐྱོད་དལ་ཁྲོད་བརྟན་པོ་དང་བརྟན་ཐོག་ལེགས་འགྱུར་བྱུང་བ། ལས་ཞུགས་འཕར་རྒྱུ་སྔོན་དཔག་ལས་ལྷག་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བྱུང་བ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་མགྱོགས་སུ་སོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཚུགས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུར་སླར་ཡང་འཕེལ་རྒྱས་གལ་ཆེན་གསར་པ་བྱུང་ཡོད། རྒྱལ་ཁབ་ཕྱི་ནང་གི་ཛ་དྲག་པའི་འགྲན་རྩོད་མདུན་དུ་གྲུབ་འབྲས་དེ་འདྲ་ཐོབ་པ་ནི་དངོས་གནས་ལས་སླ་པོ་ཞིག་མ་རེད།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་རེད། འདི་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་ལེན་གཏིང་ཟབ་བསྟར་བ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། ཁོང་དུ་ཆུད་པ། སྣེ་ཁྲིད་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་འཕྱུགས་མེད། བྱེ་བྲག་སྲིད་ཇུས་སྟབས་བསྟུན། སྒྱུར་བཅོས་སྲིད་ཇུས་ཏན་ཏིག སྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་བཅས་ཀྱི་སྲིད་ཇུས་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱིའི་དགོས་མཁོ་ཆེ་རུ་གཏོང་རྒྱུ་དང་འཚམ་པ་བྱེད་པ། སྔོན་དཔག་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ལ་བརྟེན་ནས་ཡར་སྐུལ་གཏིང་ཟབ་བྱེད་པ། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པ། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་རྒྱུན་སྲིང་ཡོང་བ་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
         ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་བརྟན་པོ་དང་འཐུས་སྒོ་ཚང་དུ་བཏང་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་གཟབ་ནན་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ཏེ་ཐོན་ལས་དང་། ས་ཁོངས། མ་འཇོག འཛད་སྤྱོད། རིན་གོང་། ས་ཞིང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ་དང་། རྒྱལ་ནང་གི་དགོས་མཁོའི་གཏིང་ཤུགས་འཕེལ་བ་བྱེད་པ། ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། “གསུམ་འདོར་གཅིག་གཅོག་གཅིག་གསབ”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པའི་བརྩོན་ལེན་བྱེད་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཞིང་ལས་འཕེལ་རྒྱས་བརྟན་པོ་དང་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཧུར་བརྩོན་ཆེ་ལ་རང་འགུལ་ལྡན་པའི་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་གཏོད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མི་དམངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།
         ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྐོར་གཟིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཀྲུང་དབྱང་གི་སྐོར་གཟིགས་ལས་དོན་རེས་སྐོར་བཅུ་གཅིག་སྤེལ་ནས་ཏང་རྩ་འཛུགས་247ལ་སྐོར་གཟིགས་གནང་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན། ཀྲུང་དབྱང་དངུལ་རྩའི་ཚན་པ་བཅས་ལ་སྐོར་གཟིགས་ཡོངས་སུ་ཁྱབ་རྒྱུ་ལེགས་གྲུབ་བྱུང་ཡོད། སྐོར་གཟིགས་ལས་དོན་ཐད་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམིགས་ནས“འདུ་ཤེས་བཞི”ཆབ་སྲིད་ཀྱི་ཚད་ཤིང་དུ་བརྩི་བ་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཚད་མར་འཛིན་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ། ཆབ་སྲིད་ཀྱི་ཧེ་བག་འཚོལ་ཞིབ་བྱེད་པ་བཅས་བྱས་པས་ཆབ་སྲིད་ཀྱི“ཕྲ་མཐོང་ཆེ་ཤེལ”དང་ཆབ་སྲིད་ཀྱི“བཤེར་སྒྲོན”གྱི་ནུས་པ་འདོན་སྤེལ་ཐུབ་ནས་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཕྲག་ཐོག་ཏུ་འགན་འཁྲི་གལ་ཆེན་ཁུར་ཡོད་པས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་ཡོངས་སུ་གང་གསུང་དེ་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་དང་། ཏན་ཏིག དམ་འཛིན་ཡག་པོ་བཅས་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་ནས“སྒྲོན་འོག་ནག་ཁུང”གི་གནད་དོན་ཐག་གཅོད་བྱེད་དགོས། སྐོར་གཟིགས་དག་ཐེར་གནས་ཚུལ་ལ་ལྟ་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཙུའུ(ཏང་ཨུད)ཡི་ཧྲུའུ་ཅིར་འགན་འཁྲི་དཀྲིས་ནས་རིམ་པ་སྟར་ཆགས་བཞིན་དག་ཐེར་དང་བྱ་བ་ཚང་མ་དོན་འཁྱོལ་ཡོང་བ་བྱེད་དགོས། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཐད་སྐོར་གཟིགས་གཏིང་ཟབ་བྱས་ཏེ་རྩ་ལག་མཉམ་བཅོས་ཀྱི་འཐབ་ཇུས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
         ཚོགས་འདུའི་ཐོག“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་དོན་ནི་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་། རྩ་འཛུགས་ལ་བརྟེན་ནས་ཏང་འཛུགས་སྐྱོང་། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་པའི་དམ་འཛིན་བྱེད་གཞི་ནུས་ལྡན་ཞིག་དང་། ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པས་དུས་བབ་གསར་པའི་འོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་ཆེད་གྲུབ་འབྲས་ཐོན་པའི་ཉམས་མྱོང་གསོག་འཇོག་བྱས་ཡོད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་ཏེ་ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་ངོས་ནས་བརྗོད་ཚེ་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། དེར་བརྟེན་རིམ་ཁག་ཏང་རྩ་འཛུགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཏུ་བརྩིས་ནས་བྱེད་པོའི་འགན་འཁྲི་སྒྲུབ་པ་དང་དུས་རྟག་དུ་དམ་འཛིན་དང་། དམ་འཛིན་ཞིབ་ཚགས། ཡུན་རིང་དམ་འཛིན་བཅས་བྱེད་དགོས། བསམ་བློའི་སློབ་གསོ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་རྒྱ་ཆེའི་ཏང་ཡོན་དང་ལྷག་དོན་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་ཉིད་ཀྱི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། རིགས་དབྱེའི་མཛུབ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བསམ་བློའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་རྟག་ཏུ་འཚོལ་བཤེར་དང་གནད་དོན་ཐག་གཅོད་བྱེད་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་སྣེ་ཁྲིད་དེ་ལས་དོན་སྒྲུབ་དགོས་པ་དང་། ཏང་ཨུད(ཏང་ཙུའུ)ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་བྱེད་སྐབས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”ནང་དོན་གལ་ཆེན་དུ་བརྩི་དགོས་པ། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མིག་དཔེ་ཡག་པོ་སྟོན་དགོས། ཏང་ཀྲི་པུས་ཏང་ཡོན་ལ་སློབ་གསོ་དོ་དམ་བྱེད་པའི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་གཞི་རྩའི་ལམ་ལུགས་ནང་བཅུག་ནས་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་ཐུབ་པ་དང་དུས་རྟག་ཏུ་དམ་འཛིན་བྱེད་དགོས། ལོ་ལྟར“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་དཔྱད་དཔོག་ཕྱོགས་སྡོམ་བྱས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་སྟར་ཆགས་བཞིན་དོན་འཁྱོལ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།