མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཚད་བརྒལ་ས་དང་
དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་
འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་
བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཚད་བརྒལ་ས་དང་
དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་
འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་
བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་2 ཚེས་13ཉིན་གྱི་སྔ་དྲོ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ཡག་པོ་བྱ་རྒྱུ་དེར་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་དུ་མ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་དང་། ཏང་འཛུགས་སྐྱོང་ཐད་ཀྱི་རླབས་ཆེན་གྱི་འདུ་འགོད་གསར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་བཅས་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། ཏང་ཀྲུང་དབྱང་གིས་ད་ཐེངས་བགྲོ་གླེང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་《ཚད་གཞི་》དང་《སྲོལ་ཡིག་》ནང་གི་གཏན་འབེབས་ཁག་ཁོང་དུ་ཏན་ཏིག་ཆུད་པ་བྱས་ནས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་བསམ་བློ་གནད་ལ་འཁེལ་བ་དང་བྱ་སྤྱོད་ཚད་གཞི་དང་མཐུན་པའི་ངང་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་བྱེད་པ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཚད་བརྒལ་ས་དང་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
         སློབ་འགོ་ཚུགས་པའི་མཛད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་མཛད་སྒོར་ཞུགས་པ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་ནང་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཡིན་པའི་རང་རེའི་ཏང་གིས་ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་པ་དང་སྒམ་ནན་གྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྐྱེལ་དགོས་པ་དེ་ལོ་རྒྱུས་ཀྱི་ཉམས་མྱོང་ལས་གསལ་སྟོན་བྱས་ཡོད། ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་རང་རེའི་ཏང་གིས་ཀལ་གསབ་ནས་རུས་པ་མཁྲེགས་སུ་གཏོང་བ་དང་ལུས་སྟོབས་འཕེལ་ནས་བདེ་མ་ཐང་མ་ཡོང་བ་བྱེད་པའི་རྩ་བའི་འགན་ལེན་ཞིག་ཡིན་ལ། རང་རེའི་ཏང་གིས་རང་ངོས་གསར་བརྗེའི་བློ་སྟོབས་སྐྱེད་སྲིང་བྱེད་པ་དང་། རང་ངོས་དྭངས་གཙང་གི་ནུས་པ་ཆེ་རུ་གཏོང་བ། དུག་སེལ་འབུ་གསོད་ཀྱི་ཆབ་སྲིད་ཀྱི་ནད་འགོག་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་རྩ་བའི་ཐབས་ལམ་ཞིག་ཀྱང་ཡིན། དུས་གང་ཞིག་ལ་ཏང་ཡོངས་ཀྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་གཏན་དང་སྐྱོན་བྲལ་བྱུང་ཚེ། རང་རེའི་ཏང་ཉིད་གཞི་ནས་སྤྱོད་གཙང་གཞུང་དྲང་དང་། མཐུན་སྒྲིལ་གཅིག་གྱུར། གསོན་ཤུགས་ཀྱིས་ཁེངས་པ། ཏང་གི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་བཅས་ཡོང་གི་ཡོད། དེ་ལས་ལྡོག་ཚེ། ནད་གཞི་སྣ་ཚོགས་ཕོག་པ་དང་། མི་སེམས་ཁ་ཐོར། ངར་ཤུགས་ཉམས་པ་བཅས་ཆགས་ནས་ནོར་འཁྲུལ་གྱི་བསམ་བློ་སྣ་ཚོགས་དུས་ཐོག་ཏུ་ཡོ་བསྲང་མི་ཐུབ་པར་ཏང་གི་བྱ་གཞག་ལ་གནོད་སྐྱོན་ཚབས་ཆེན་བཟོ་སྲིད། དེར་བརྟེན་ཏང་གི་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ་ཆབ་སྲིད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ངང་ཁོང་དུ་ཆུད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ། ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ཉམས་མྱོང་གསོག་འཇོག་བྱེད་པ་བཅས་བྱས་ཏེ་རང་འགུལ་ངང་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་ཏང་གཤིས་ཞུན་བརྡར་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱས་ནས་རང་ཉིད་ཀྱི་ཆབ་སྲིད་ནུས་པ་དེ་རང་གིས་འཁུར་བའི་འགོ་ཁྲིད་ཀྱི་འགན་འཁྲི་དང་འཚམ་མཐུན་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཡོངས་ཀྱིས་གང་་གསུང་དེ་སྒྲུབ་འགན་ལེན་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་སའང་ཡིན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་ཐོག་མར་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཏང་གི་རྩ་འཛུགས་ཡོངས་དང་ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེས་ཁྱབ་ཁོངས་དང་། རིམ་པ། སྡེ་ཚན་དང་ཚན་པ་བཅས་གང་ཞིག་ཏུ་གནས་ཀྱང་ཚང་མས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བརྩི་སྲུང་ཞུས་ནས་ཏང་ཀྲུང་དབྱང་གི་བཀའ་གསུང་ཅི་སྒྲུབ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱ་རྒྱུ་དེ་གཅིག་གྱུར་ཡིན། ང་ཚོས་ལག་བསྟར་བྱས་པའི་དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་གཅིག་སྡུད་ཡོད་ལ་དམངས་གཙོའང་ཡོད་པ་དང་། སྒྲིག་ཁྲིམས་ཡོད་ལ་རང་དབང་ཡང་ཡོད་པ། གཅིག་གྱུར་གྱི་བསམ་བློ་ཡོད་ལ་མི་སྒེར་སྐྱིད་སྣང་དོད་ལ་གསོན་ཤུགས་རྒྱས་པའི་ལམ་ལུགས་ཤིག་དང་དམངས་གཙོ་དང་གཅིག་སྡུད་ཟུང་འབྲེལ་དམ་ཟབ་བྱས་པའི་ལམ་ལུགས་ཤིག་རེད།
        ཞི་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་ཆེ་རུ་གཏོང་བར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཐད་སྲ་ཞིང་བརྟན་ལ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་དེ་རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་ཤོས་ཀྱི་གཤིས་རྒྱུད་ཅིག་ཡིན་པ་མ་ཟད། རང་རེའི་ཏང་གི་ལེགས་ཆ་ཆེ་ཤོས་ཤིག་ཀྱང་རེད། རང་རེའི་ཏང་ལ་རང་ངོས་གསར་བརྗེའི་བློ་སྟོབས་ལྡན་དོན་ནི་རང་རེའི་ཏང་ལ་རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་ཀྱི་ཁེ་ཕན་ཕུད་རང་སོ་སོའི་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་པས་རེད། སྒེར་ཕན་མ་སྒྲུབ་ཚེ། གཞི་ནས་གཞི་རྩའི་ཁེ་ཕན་དང་ཁེ་ཕན་ཆེན་པོ་སྒྲུབ་ཐུབ་ལ། གཞི་ནས་ཏང་གི་ངོ་བོ་དང་། རྩ་བའི་དམིགས་ཡུལ། མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་ནས་འགོ་བཙུགས་ཏེ་རང་ཉིད་ལ་ཞིབ་བཤེར་བྱེད་ཐུབ་པ་དང་གཞི་ནས་སྐྱོན་ཆ་སྦས་གསང་མི་བྱེད་པ་དང་། གནད་དོན་ལ་མི་གཡོལ་བ། སྐྱོན་འགེབས་མཛེས་འཆོས་མི་བྱེད་པར་སྐྱོན་ཆ་ཡོད་ཚེ་སྐྱོན་ཆ་སེལ་བ་དང་། གནད་དོན་ཡོད་ཚེ་གནད་དོན་ཐག་གཅོད་བྱེད་པ། ནོར་འཁྲུལ་ཡོད་ཚེ་ཁས་ལེན་ཡོ་བསྲང་བཅས་བྱེད་ཐུབ་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་རང་གཅུན་ལ་ཤུགས་སྣོན་རྒྱག་པ་དང་ཁེར་གཟབ་ཆུང་ཟོན་བྱས་ནས་ཏང་གི་སྒྲིག་ཡིག་ལ་གཞིགས་ཏེ་རང་ཉིད་ཀྱི་གཏམ་སྤྱོད་ལ་རྒྱུན་དུ་བརྟག་བཤེར་བྱས་ཐོག་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཀུན་སྤྱོད་ཀྱི་འཚབ་འཚུབ་བཅོས་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་གནས་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པའི་ངོས་ནས་བརྗོད་ན། རང་གཅུན་ལ་ཤུགས་སྣོན་རྒྱག་པའི་འགག་རྩ་ནི་རང་ཉིད་ཁེར་རྐྱང་སྐབས་ཆུང་ཙག་བཅས་ཀྱི་ཐད་ཁེར་གཟབ་ཆུང་ཟོན་ཐུབ་མིན་ལ་རག་ལུས་ཡོད། ཐོག་མཐའ་བར་གསུམ་དུ་སེམས་ནང་གུས་སྐྲག་དང་ལག་ཏུ་ཚད་ཤིང་ཟིན་ཏེ་ཆབ་སྲིད་དང་། སྒྲིག་ཁྲིམས། ཀུན་སྤྱོད། རུལ་རྒོལ་བཅས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་མི་བྱེད་པ་དང་། སྒྲིག་སྲོལ་ལས་མི་འགལ་བ། སྒྲིག་ལམ་ལས་མི་འགལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་པོ་བྱེད་པར་རང་རྟོགས་ངང་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་དང་འཐབ་རྩོད་བྱ་རྒྱུར་སྣང་ཆེན་གྱིས་རང་ཉིད་ནས་འགོ་འཛུགས་པ་དང་ཉེ་འགྲམ་གྱི་མིར་དོ་དམ་བྱེད་རྒྱུ་ནས་འགོ་བཙུགས་ཏེ་ཐག་ཉེ་ས་ནས་དམིགས་བསལ་དབང་ཆ་སྔོན་འགོག་དང་བཀག་འགོག་བྱེད་པའི་འགོག་སྲུང་གི་དྲ་བ་འཛུགས་དགོས། འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་པོ་བྱེད་པར་མི་འདེམས་མི་སྤྱོད་ཐད་ཁ་ཕྱོགས་སྟངས་འཛིན་ཐུབ་པ་དང་རྩ་དོན་སྲུང་རྒྱུར་སྣང་ཆེན་བྱས་ཏེ་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཏང་གི་ལས་བྱེད་པའི་སྲིད་ཇུས་སྣེ་ཁྲིད་ཀྱིས་ལག་བསྟར་བྱས་ནས་ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་《ཚད་གཞི་》དང་《སྲོལ་ཡིག་》ནང་། ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ལ་དམིགས་ནས་ནད་རྟགས་བསྟན་ཡོད་ལ། སྨན་བཅོས་བྱེད་ཐབས་ཀྱང་བཏོན་ཡོད། དེའི་ནང་འཕྲལ་རྐྱེན་བཅོས་པའི་བྱ་ཐབས་ཡོད་ལ། ཕུགས་རྩ་བཅོས་པའི་ཇུས་གཞི་ཡང་ཡོད། 《ཚད་གཞི་》དང་《སྲོལ་ཡིག་》སློབ་སྦྱོང་དང་གོ་བ་ལེན་པར་ངེས་པར་དུ་དུས་བབ་གསར་པའི་འོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་གསར་པ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཁུར་ནས་《ཚད་གཞི་》དང་《སྲོལ་ཡིག་》ལག་ལེན་བསྟར་རྒྱུ་དེ་ཏང་རྩ་འཛུགས་ཡོངས་དང་ཏང་ཡོན་མི་རེ་ངོ་རེའི་རང་རྟོགས་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་གནད་དོན་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་དེས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བའི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་གཏིང་ཟབ་ཏུ་བྱེད་པ་དང་དོན་སྙིང་གཙོ་བོ་ཁོང་དུ་ཆུད་པ་བྱས་ཏེ་ཕྱོགས་ཁག་གི་ལས་དོན་ཁྲོད་དོན་འཁྱོལ་སྔར་བས་ཏན་ཏིག་ཡོང་བ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་གོང་དཔེ་འོག་སྟོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཐུན་མོང་ཐོག་གཏོད་པ། རང་གཅུན་ནན་པོར་ཤུགས་སྣོན་དང་འགན་འཁྲི་ཁུར་ཕོད་པར་ཤུགས་སྣོན་རྒྱག་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བ། དཀའ་སྤྱད་ལས་སྒྲུབ་ཀྱིས་བྱས་རྗེས་འཇོག་པ་བཅས་བྱས་ཏེ་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།