མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་
ཐེངས་ཉེར་དྲུག་པ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དྲུག་པ་སྤྱི་ཟླ་2ཚེས་22ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་157ཚོགས་འདུར་ཕེབས་པ་དང་། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
          ད་ཐེངས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ལས་འགན་གལ་ཆེན་ཞིག་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་འཚོག་རྒྱུའི་གྲ་སྒྲིག་བྱེད་ཆེད་ཡིན་པ་རེད། དེའི་ཕྱིར་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་མ་ཟིན་ལ་གྲོས་ཞིབ་བྱས་པ་དང་། ཨུ་ཡོན་ཀྲང་གི་ཚོགས་འདུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་གྲོས་ཞིབ་བྱེད་རྒྱུར་འབུལ་རྩིས་ཡོད་པའི་གྲོས་རིམ་འཆར་ཟིན་དང་། ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེའི་མཚན་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མཚན་ཐོའི་འཆར་ཟིན་སོགས་གྲོས་གཞི་ཁག་3་ལ་གྲོས་ཞིབ་བྱས་པ་རེད།
          ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཀྲང་མིང་ཆིས་གནང་བའི་རྒྱ་གྲམ་དམར་རྟགས་ཚོགས་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་གསན་པ་རེད།
         སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་འགན་ལེན་དང་དྲང་གཞག་འགྲན་རྩོད་ལ་སྐུལ་ལྕག་དང་སྲུང་སྐྱོང་བྱས་ནས་ཚུལ་མིན་འགྲན་རྩོད་བྱེད་སྤྱོད་བཀག་འགོག་བྱས་ཏེ་གཉེར་སྐྱོང་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུགས་དང་མི་མཐུན་པའི་འགྲན་རྩོད་ལ་ངོ་རྒོལ་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ཁག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པ་རེད། ད་ཐེངས་བཅའ་ཁྲིམས་དེར་བཟོ་བཅོས་བརྒྱབ་པ་ནི་1993ལོར་ལག་ལེན་བསྟར་ཚུན་གྱི་བཟོ་བཅོས་རྒྱག་ཐེངས་དང་པོ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་བཞིན་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་ཡིས་དེའི་ཐད་གསལ་བཤད་གནང་གནང་བ་རེད།