མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        2016ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག
         འཐུས་མི་རྣམ་པ།
         ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།
         གཅིག 2015ལོའི་ལས་ཀར་ཕྱིར་དྲན་བྱས་པ།
         འདས་ཟིན་པའི་ལོ་གཅིག་རིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་དཀའ་ངལ་སྣ་ཚོགས་དང་འགྲན་སློང་དྲག་པོ་ཐུག་པ་རེད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་བློ་སྟོབས་རྨད་དུ་བྱུང་བར་བརྟེན་ནས། དཀའ་སྤྱད་འགག་སྒྲོལ་དང་། གསར་གཏོད་བརྩོན་ལེན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་དང་ཡག་པོ་བྱུང་སྟེ། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་བ་དང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་རེད།
     —— དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་སྟོང་དུ་རྒྱུན་མཐུད་ཐུབ་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་67.7ཟིན་ཏེ། 6.9%འཕར་བ་དང་། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་ཡོད། འབྲུ་རིགས་ཐོན་འབོར“བསྟུད་མར་ཐེངས་བཅུ་གཉིས་འཕར”ཐུབ་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཆག་ཚད་དམའ་པོ་རྒྱུན་འཁྱོངས་ཐུབ་ཡོད། ལྷག་པར་དུ་ལས་ཞུགས་ཀྱི་གནས་བབ་སྤྱི་ཡོངས་ནས་བརྟན་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་འཕར་ཚད་མི་གྲངས་ཁྲི་1312ཟིན་ཏེ། ལོ་ཧྲིལ་པོའི་སྔོན་དཔག་དམིགས་ཚད་ལས་བརྒལ་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀྲག་ཆེ་སར་གྱུར་ཡོད།
         —— གྲུབ་ཚུལ་ལེགས་སྒྲིག་ལ་དགེ་མཚན་ལྡན་པའི་གོང་འཕེལ་བྱུང་ཡོད། ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་གི་བསྡུར་ཚད་ཀྱི་50.5%འཕར་ཏེ་ཐོག་མར“མངའ་ཁོངས་ཕྱེད་ཙམ་”ཟིན་ཡོད། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་66.4%ཟིན་ཡོད། ལག་རྩལ་མཐོ་བའི་ཐོན་ལས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་ཚད་བཟོ་ལས་དཀྱུས་མ་ལས་མྱུར་བ་བྱུང་ཡོད། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་འགྲོ་ཚད་5.6%ཆག་ཡོད།
        —— འགུལ་ནུས་གསར་པ་འཕེལ་ཚུལ་ཇེ་མགྱོགས་སུ་ཕྱིན་ཡོད། གསར་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པའི་འཐབ་ཇུས་བསྟུད་མར་སྤེལ་བ་དང་། དྲ་སྦྲེལ་དང་ལས་རིགས་ཁག་མཉམ་འདྲེས་མགྱོགས་སུ་ཕྱིན་ཞིང་། གསར་དར་ཐོན་ལས་འཕར་ཚད་མགྱོགས་སུ་ཕྱིན་ཡོད། མི་མངས་ལས་འབྱེད་དང་། དམངས་ཀྱི་གསར་གཏོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཏེ། ལོ་ཧྲིལ་པོར་གསར་དུ་ཐོ་གཞུང་ལ་བཀོད་པའི་ཁེ་ལས་21.6%འཕར་ཏེ། ཉིན་རེར་ཆ་སྙོམས་ཁྲི་1.2འཕར་ཡོད། འགུལ་ནུས་གསར་པས་ལས་ཞུགས་བརྟན་པོ་དང་། རིམ་པ་འཕར་བར་བྱེད་པར་ནུས་པ་མངོན་གསལ་ཐོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འགྱུར་བ་གཏིང་ཟབ་ཡོང་བར་སྐུལ་སྤེལ་ཐེབས་བཞིན་ཡོད།
        —— མི་དམངས་ཀྱི་འཚོ་བ་ལེགས་བཅོས་སྔར་ལས་ལྷག་པ་བྱུང་ཡོད། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་སྤྱད་འཐུས་ཡོང་སྒོ་7.4%དངོས་སུ་འཕར་བས། དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་བྱུང་ཡོད། ན་ནིང་ལོ་མཇུག་ཏུ་གྲོང་མིའི་གསོག་དངུལ་ལྷག་གྲངས་8.5%འཕར་ཏེ། དུང་ཕྱུར་ཁྲི་4ལྷག་ཙམ་གསར་དུ་འཕར་ཡོད། གྲོང་གསེབ་ཀྱི་མི་འབོར་ཁྲི་6434ཡི་འཐུང་ཆུ་བདེ་འཇགས་མེད་པའི་དཀའ་ངལ་ཡང་སེལ་ཡོད། དབུལ་བྲལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི་1442ཉུང་དུ་བཏང་ཡོད།
     ཚན་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་གསར་པ་ཁག་ཅིག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་། ཉིང་རྡུལ་གློག་ཁང་རབས་གསུམ་པའི་ལག་རྩལ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། རང་རྒྱལ་གྱིས་བཟོས་པའི་མཁའ་འགྲུལ་གནམ་གྲུ་ཆེ་རིགས་C919ཡོངས་སུ་སྒྲིག་སྦྱོར་བསྒྲུབས་པ། ཐུའུ་ཡིའུ་ཡིའུ་ལ་ལུས་ཁམས་རིག་པའམ་གསོ་རིག་གི་ནོ་པེར་བྱ་དགའ་ཐོབ་ཡོད། རང་རྒྱལ་གོང་སྤེལ་ལ་གྲུབ་འབྲས་ཐོབ་པས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་སྤོབས་པ་ཆེན་པོ་བསྐྱེད་པ་རེད།
         འདས་ལོར་ཕྱིར་དྲན་བྱས་པ་ན། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་མིན། གྲུབ་འབྲས་དེ་དག་ནི་རྙོག་འཛིང་དང་ཛ་དྲག་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ནང་ཐོབ་པ་ཡིན། ན་ནིང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ནི་ལོ་6གི་རིང་དལ་ཤོས་ཡིན་པ་དང་། རྒྱལ་སྤྱིའི་ཉོ་ཚོང་འཕེལ་རྒྱས་ཀྱི་མྱུར་ཚད་དལ་ཤོས་ཡིན་པ། ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་ཆེས་ཆེར་ཆག་ཅིང་། རྒྱལ་སྤྱིའི་དངུལ་རྩའི་ཚོང་ར་འཕར་ཆག་ཆེ་བས། རང་རྒྱལ་གྱི་དཔལ་འབྱོར་ལ་ཐད་ཀར་ཕོག་ཐུག་དང་གནོད་སྐྱོན་བྱུང་བ་རེད། གྲུབ་འབྲས་དེ་དག་ནི་རྒྱལ་སྤྱིའི་འགལ་བ་ཟབ་མོ་མངོན་གསལ་ཆེ་བ་དང་། དཔལ་འབྱོར་ཉམས་ཆག་གི་གནོན་ཤུགས་ཆེ་རུ་འགྲོ་བའི་གནས་ཚུལ་འོག་ཐོབ་པ་ཡིན། “དུས་གསུམ་རྩེག་སྣོན”གྱི་རྣམ་པའི་འོག དཔལ་འབྱོར་ལས་དོན་ལ་བྱེད་དཀའི་དཀའ་རྙོག་མང་པོ་འཕྲད་པས། ཉེ་འགྱང་ཟུང་འབྲེལ་དང་། ཕན་གཉེར་གནོད་གཡོལ། ཕན་འབྲས་ཐོན་པར་ཁ་གཏད་འཇལ་བ་བཅས་བྱེད་དགོས་པ་རེད། གྲུབ་འབྲས་དེ་དག་ནི་རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་60ལས་བརྒལ་བའི་གཞི་གྲངས་མཐོ་བའི་རྨང་གཞིའི་ཐོག་ཐོབ་པ་རེད། ད་ལྟ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆའི་གཞི་གྲངས་1རེ་འཕར་ན། ཧ་ལམ་ལོ་5ཡི་གོང་གི་བརྒྱ་ཆའི་གཞི་གྲངས་1.5ཡི་འཕར་གྲངས་དང་མཚུངས་པ་དང་། ལོ་10ཡི་གོང་གི་བརྒྱ་ཆའི་གཞི་གྲངས་2.5གི་འཕར་གྲངས་དང་མཚུངས། དཔལ་འབྱོར་གྱི་གཞི་ཁྱོན་ཇི་ཙམ་ཆེ་ན། འཕར་བའི་དཀའ་གནད་དེ་ཙམ་གྱིས་ཆེ་རུ་འགྲོ་བ་རེད། དཀའ་ངལ་དང་གནོན་ཤུགས་ཀྱི་མདུན་དུ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་བ་ཚད་མེད་སྤྱད་དེ་ཡོང་བ་རེད། འདིའི་ཐོག་ནས། དཀའ་ཉེན་ཇི་འདྲ་ཞིག་ཐུག་ཀྱང་ཀྲུང་གོ་འཕེལ་རྒྱས་འགྲོ་བའི་གོམ་སྟབས་འགོག་ཐབས་མེད་པ་ཡང་བསྐྱར་མཚོན་པ་རེད།
         ལོ་གཅིག་གི་རིང་ལ། ང་ཚོས་གཙོ་བོ་གཤམ་གསལ་ལས་དོན་ཁག་བསྒྲུབས་ཡོད་དེ།
         གཅིག་ནས་བརྟན་པོར་འཕར་བ་དང་། གྲུབ་ཚུལ་ལེགས་སྒྲིག
         ཉམས་ཉེན་འགོག་པ་བཅས་གང་ཐུབ་བྱས་ཏེ། སྤྱི་ཁོག་སྙོམས་སྒྲིག་གི་བྱེད་སྟངས་གསར་དུ་བཏོད་ཡོད། དཔལ་འབྱོར་ཉམས་ཆག་འགྲོ་བའི་གནོན་ཤུགས་བསྟུད་མར་ཆེ་རུ་འགྲོ་བར་ཁ་གཏད་འཇལ་བའི་ཕྱིར། ང་ཚོས་བར་སྟོང་སྙོམས་སྒྲིག་བྱས་པའི་རྨང་གཞིའི་ཐོག ཕྱོགས་ངེས་སྙོམས་སྒྲིག་དང་བབ་བསྟུན་གྱིས་སྙོམས་སྒྲིག་བྱས་ཡོད། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱིས་ཕན་འབྲས་ཇེ་ཆེར་གཏོང་བར་དོ་སྣང་བྱས་པ་དང་། གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་གཅོག་ཁོངས་ཆེ་རུ་གཏོང་བ། ཡོངས་ཁྱབ་རང་བཞིན་གྱི་འགྲོ་གྲོན་བཅག་པ། ནོར་སྲིད་ཀྱི་མ་དངུལ་གསོག་འབོར་འཁྲུག་ཏུ་གཏོང་བ་བཅས་བྱས་ཡོད། ས་གནས་སྲིད་གཞུང་གི་བུན་འཛིན་བཀྲམས་ཏེ་བུ་ལོན་གསོག་འཇོག་ཏུ་བརྗེ་སྒྱུར་སྒོར་དུང་ཕྱུར་ཁྲི་3.2བྱས་པ་དང་། སྐྱེད་ཀ་བཅག་པའི་འཁུར་པོ་སྒོར་དུང་ཕྱུར་2000ཡིན་པས། ས་གནས་སྲིད་གཞུང་གི་བུ་ལོན་འཇལ་བའི་གནོན་ཤུགས་ཡང་དུ་བཏང་ཡོད། དངུལ་ལོར་གྱི་སྲིད་ཇུས་ནན་པོར་བརྟེན་ནས་དམ་ལྷོད་འཚམ་པོ་ཡོང་བར་དོ་སྣང་བྱེད་པ་དང་། སྐྱེད་ཀ་དང་། ཚད་གཞི་ཐེངས་མང་བཅག་པ། བཅོལ་དངུལ་དང་དངུལ་བུན་བསྡུར་ཚད་ཀྱི་དོ་དམ་སྒྱུར་བཅོས་བྱས་པ། དངུལ་ལོར་གྱི་སྲིད་ཇུས་ཐབས་ཤེས་གསར་དུ་གཏོད་པ་བཅས་བྱས་ཏེ་དངོས་གཞིའི་དཔལ་འབྱོར་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ཡོད། ཕན་འབྲས་ཐོན་པའི་མ་དངུལ་འཇོག་ཁྱོན་ཆེ་རུ་བཏང་བ་དང་། ཆེད་དམིགས་འཛུགས་སྐྲུན་གྱི་ཐེབས་རྩ་བཙུགས་པ། ཆུ་བེད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཐབ་ཆག་ཁུལ་དང་། གྲོང་གསེབ་ཀྱི་ཉེན་ཅན་ཁང་པ་བསྒྱུར་བཀོད། དབུས་ནུབ་རྒྱུད་ཀྱི་ལྕགས་ལམ་དང་གཞུང་ལམ་སོགས་ལྷུ་ཚིགས་ཞན་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁྱབ་ཁོངས་གཅོ་བོའི་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་ལས་གཞི་དོན་འཁྱོལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡུལ་སྐོར་དང་། དྲ་ཉོ། ཆ་འཕྲིན་འཛད་སྤྱོད་སོགས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ན་ནིང་ད་དུང་མ་རྐང་ཁྲོམ་ར་དང་དངུལ་ལོར་ཁྲོམ་རའི་རྒྱུན་གཏན་མིན་པའི་འཕར་ཆག་སོགས་ཀྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་ཉམས་ཉེན་སྣ་ཚོགས་ལའང་ཁ་གཏད་བཅལ་བས། རྒྱུད་ཁོངས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉམས་ཉེན་མི་ཡོང་བར་བྱེད་པའི་མ་མཐའ་སྲུང་ཐུབ་སྟེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དངུལ་རྩའི་བདེ་འཇགས་བསྲུངས་ཡོད།
         གཉིས་ནས་ཚོང་རའི་གསོན་ཤུགས་འཕེལ་བར་བྱེད་པར་དམིགས་ནས། སྒྱུར་བཅོས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ཡོད། ང་ཚོས“ཞིང་ཆུ་འགྱིངས་གཏོང”ལྟ་བུའི་ངར་ཤུགས་ཆེན་པོ་མ་བསླངས་བར། གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་བསྟུད་མར་བྱས་ཡོད། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་འདོམས་ཟུང་སྦྲེལ། ཞབས་ཞུ་བཟང་འགྱུར་བཅས་ཀྱི་སྒྱུར་བཅོས་ཟབ་མོར་བྱས་ཡོད། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དོན་ཚན་ཁག་311མེད་པར་བཟོས་ཤིང་། གཤམ་སྤྲོད་བྱས་པ་དང་། ལས་རིགས་ཀྱི་ཆོག་འཐུས་ཐོབ་ཐང་དང་ངོས་འཛིན་བྱེད་རིགས་ཁག་123མེད་པར་བཟོས་པ་བཅས་བྱས་ཏེ། སྲིད་འཛིན་མིན་པའི་ཆོག་འཐུས་མཆན་འགོད་རྦད་དེ་མཇུག་སྒྲིལ་བྱས་ཡོད། བཟོ་ཚོང་ཐོ་འགོད་མ་བྱས་གོང་གི་ཞིབ་མཆན་འགོད་རིམ་85%ཁུ་བསྡུ་བྱས་ཏེ། ལག་ཁྱེར་གསུམ་འདུས་དང་། པར་གཅིག་རྟགས་གཅིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། ལས་དོན་སྒྲུབ་རིང་དང་མཇུག་སྐྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྤྱི་པའི་ཞབས་འདེགས་ཞུ་རིམ་ལེགས་འགྱུར་བྱས་ཡོད། མང་ཚོགས་དང་ཁེ་ལས་ཀྱི་ལས་དོན་སྒྲུབ་ལུགས་སྔར་བས་སྟབས་བདེར་གྱུར་པ་དང་། སྤྱི་ཚོགས་ཡོངས་ཀྱི་ལས་སྐྲུན་གསར་གཏོད་ཀྱི་སྤྲོ་སེམས་ཇེ་ཆེར་སོང་ཡོད།
         ནོར་ཁྲལ་དངུལ་རྩ་སོགས་སྒྱུར་བཅོས་གལ་ཆེན་གཏིང་ཟབ་ཏུ་སྤེལ་ཡོད། ཀྲུང་དབྱང་གིས་ས་གནས་ལ་ཆེད་དོན་གཏོང་སྤྲོད་སྤོ་སྒྱུར་གྱི་རྣམ་གྲངས་སུམ་ཆ་གཅིག་ཇེ་ཉུང་དུ་བཏང་བ་དང་། སྤྱིར་བཏང་གི་གཏོང་སྤྲོད་སྤོ་སྒྱུར་བྱེད་ཁྱོན་ཆེ་རུ་བཏང་ཡོད། ལས་ཁྲལ་འཕར་ཁྲལ་དུ་སྒྱུར་བ་བརྟན་པོའི་ངང་ནས་བྱས་པ། ཐོན་ཁུངས་ཀྱི་དཔྱ་ཁྲལ་གོང་བསྟུན་ཁྲལ་བསྡུ་བྱེད་ཁྱོན་ཇེ་ཆེར་བཏང་ཡོད། བཅོལ་དངུལ་གྱི་སྐྱེད་ཀ་སྤོར་ཚད་མེད་པར་བཟོས་པ་དང་། བཅོལ་དངུལ་འགན་བཅོལ་ལམ་ལུགས་བཟོས་ཤིང་། མི་དམངས་ཤོག་སྒོར་རྒྱལ་མཚམས་ལས་བརྒལ་ཏེ་གཏོང་སྤྲོད་ཀྱི་མ་ལག་བཙུགས་ཡོད། རིན་གོང་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་དབྱང་སྲིད་གཞུང་གིས་གོང་འབེབས་རྣམ་གྲངས་80%ཉུང་དུ་བཏང་བ་དང་། ས་གནས་སྲིད་གཞུང་གི་གོང་འབེབས་རྣམ་གྲངས་ཕྱེད་ཀ་ཡན་ཉུང་དུ་བཏང་ཡོད། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་། གྲོང་གསེབ། མ་འཇོག་དངུལ་བསྡུ། སྐྱེ་ཁམས་དཔལ་ཡོན་ལ་སོགས་པའི་ཁྱབ་ཁོངས་སྒྱུར་བཅོས་གོ་རིམ་ལྡན་པར་ཁྱབ་སྤེལ་བྱས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་སྤེལ་བར་ཕན་འབྲས་མངོན་གསལ་ཐོན་བཞིན་ཡོད།
         སྒོ་འབྱེད་པར་བརྟེན་ནས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་སྤེལ་མཐའ་འཁྱོངས་བྱས་ཡོད། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་གང་ཐུབ་དང་། ཕྱིར་གཏོང་ཁྲལ་སློག་གི་ཁུར་པོའི་ལམ་སྲོལ་ལེགས་སྒྲིག ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་རིན་དངུལ་བསྡུ་རིགས་གཙང་བཤེར་ཚད་ལྡན་བཟོ་བ། ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ། ཕྱིར་གཏོང་གི་གྲུབ་ཚུལ་དགེ་མཚན་ལྡན་པར་འགྱུར་བ་བཅས་བྱས་ཡོད། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་ཚོད་འཛིན་བྱེད་རིགས་ཀྱི་དོན་ཚན་ཕྱེད་ཀ་ཉུང་དུ་བཏང་བ་དང་། 95%ཡན་ཐོ་འགོད་དོ་དམ་བྱས་ཤིང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་གྲངས་ཨ་སྒོར་དུང་ཕྱུར་1263ཟིན་ཏེ། 5.6%འཕར་ཡོད། དངུལ་རྩའི་རིགས་མ་ཡིན་པའི་ཕྱི་ཕྱོགས་སུ་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་1180བཞག་པས། 14.7%འཕར་ཡོད། ཧྲང་ཧའེ་ཡི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཉམས་མྱོང་ཁྱབ་སྤེལ་བཏང་བ་དང་། ཀོང་ཏུང་དང་། ཐེན་ཅིན། ཧྥུའུ་ཅན་བཅས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གསར་པ་བཙུགས་ཡོད། མི་དམངས་ཤོག་སྒོར་དེ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་དམིགས་བསལ་དངུལ་ལེན་དབང་ཡོད་པའི་དངུལ་ལོར་གྲལ་དུ་བཅུག་ཡོད། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དངོས་སུ་བཙུགས་པ་དང་། དར་གོས་འགྲུལ་ལམ་གྱི་ཐེབས་རྩ་བཞག་སྟེ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཀྲུང་གོ་དང་ཁོ་རེ་ཡ་ལྷོ་མ་དབར་དང་། ཀྲུང་ཨའོ་དབར་གྱི་རང་མོས་ཚོང་དོན་གྲོས་མཐུན་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་དབར་རིམ་སྤོར་གྲོས་མཐུན་བཞག་པ་རེད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱས་འབྲས་མངོན་གསལ་དོད་པ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་པ། མྱུར་བགྲོད་ལྕགས་ལམ་དང་། ཉིང་རྡུལ་གློག་ཁང་སོགས་ཀྲུང་གོའི་སྒྲིག་ཆས་ཕྱི་རུ་བསྐྱོད་པར་འགག་གནད་ལས་སྒྲོལ་བའི་གྲུབ་འབྲས་ཐོབ་པ་རེད།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】