མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         འཐུས་མི་རྣམ་པ།
         འདས་པའི་ལོ་གཅིག་རིང་འཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཚན་རིག་དང་མཐུན་པའི་ཇུས་ཐག་བཅད་པའི་འབྲས་བུ་ཡིན་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པའི་འབྲས་བུ་རེད། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག མི་དམངས་ཀྱི་ཚོགས་པ་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་བྱ་གཞག་ལ་ཐུགས་འཁུར་དང་རོགས་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཡིན།
         ན་ནིང་གི་གྲུབ་འབྲས་ཁས་ལེན་གང་ཐུབ་བྱེད་པ་དང་དུས་མཚུངས། རང་རྒྱལ་གྱི་འཕེལ་རྒྱས་ཁྲོད་དུ་སྔར་བཞིན་དཀའ་ངལ་དང་གནད་དོན་མི་ཉུང་བ་གནས་པའང་ང་ཚོས་རིག་པ་དྭངས་གསལ་གྱིས་ཤེས་པར་བྱེད་དགོས། གོ་ལ་ཧྲིལ་པོའི་ཉོ་ཚོང་ཉམས་ཚུལ་སོགས་པའི་རྒྱུ་རྐྱེན་ཀྱི་ཤུགས་རྐྱེན་ཐེབས་ཏེ། ན་ནིང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཆག་ཡོད་པས། འཕར་འཆར་གྱི་དམིགས་ཚད་འགྲུབ་མ་ཐུབ་པ་རེད། མ་དངུལ་འཇོག་པའི་འཕར་ཚད་ཞན་པ་དང་། ཁེ་ལས་འགའ་ཞིག་གི་ཐོན་ནུས་ལྷག་ཐལ་ཚབས་ཆེ་ཤོར་བ། ཁེ་ལས་ཁ་ཤས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཐུག་པ་དང་། ས་ཁུལ་དང་ཁེ་ལས་ཀྱི་འཕེལ་ཚུལ་ཁ་བྲལ་བ། ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་མངོན་གསལ་ཐོན་ཞིང་། མ་རྩའི་ཁྲོམ་རའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་ད་དུང་འཐུས་ཚང་མེད་པ་དང་དངུལ་རྩ་སོགས་པའི་ཁྱབ་ཁོངས་སུ་ཉམས་ཉེན་འབྱུང་གཞི་གནས་ཡོད། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སྨན་བཅོས་དང་། སློབ་གསོ། རྒན་གསོ། ཟས་རིགས་དང་སྨན་རྫས་བཅས་ཀྱི་བདེ་འཇགས་དང་། ཡོང་འབབ་བགོ་བཤའ། གྲོང་ཁྱེར་དོ་དམ་སོགས་པའི་ཐད་ཀྱི་གནད་དོན་མང་བ་དང་། ཁོར་ཡུག་སྦགས་བཙོག་གི་དུས་བབ་སྔར་བཞིན་ཛ་དྲག་པ་དང་ས་ཁུལ་འགའ་ཞིག་ཏུ་སྨུག་རྡུལ་ཚབས་ཆེ་བའི་གནམ་གཤིས་ཡང་ཡང་ཐོན་བཞིན་ཡོད། ལྷག་པར་དུ་བློ་ཕམ་དགོས་པ་ཞིག་ནི་ན་ནིང“ཤར་ཕྱོགས་ཀྱི་སྐར་མ”རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་དིམ་པའི་དོན་རྐྱེན་དང་ཐེན་ཅིན་གྲུ་ཁའི་འབར་གས་ཀྱི་མེ་སྐྱོན་ལྷག་པར་ཆེན་པོ་སོགས་པའི་དོན་རྐྱེན་བྱུང་སྟེ། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་བྱུང་སྟེ། སྣ་སུན་ཆེན་པོ་ཕོག་པས། ངེས་པར་དུ་བསླབ་བྱ་ལེན་དགོས། སྲིད་གཞུང་གི་ལས་དོན་ལ་སྔར་བཞིན་མི་འདང་ས་ཡོད་པ་དང་། སྒྱུར་བཅོས་དང་སྲིད་ཇུས་ཀྱི་བྱེད་ཐབས་འགའ་ཞིག་དོན་ཐོག་ཏུ་འཁྱོལ་ཐུབ་མེད་པ། ལས་བྱེད་པ་ཉུང་ཤས་ཀྱིས་ལས་མི་བྱེད་པ། ལས་མི་ཤེས་པ། བྱ་བ་གང་བྱུང་དུ་བསྒྲུབས་པ་བཅས་དང་། ཁྱབ་ཁོངས་ཁ་ཤས་ཀྱི་སྲོལ་མིན་སྤྱོད་ཡན་དང་རུལ་སུངས་ཀྱི་གནད་དོན་བཅས་ལ་སྣང་ཆུང་བྱེད་མི་རུང་བ་རེད། ང་ཚོས་སྡུག་འབྱུང་གི་བསམ་པ་དང་། འགན་འཁུར་གྱི་བསམ་པ་སྔར་ལས་ཆེ་རུ་བཏང་སྟེ་གནད་དོན་དེ་རིགས་ནུས་ཤུགས་སྔར་ལས་ཆེན་པོ་བཏོན་ནས་ཐག་གཅོད་བྱེད་དགོས། མི་དམངས་ཀྱི་རེ་བ་ཐོག་མཐའ་བར་གསུམ་དུ་སྲིད་སྐྱོང་གི་ཁ་ཕྱོགས་སུ་བྱེད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་སྲིད་གཞུང་གི་ལས་དོན་བསྒྲུབ་པ་བཅས་བྱས་ཏེ་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་།
         འཐུས་མི་རྣམ་པ།
         2015ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པ”མཇུག་སྒྲིལ་གྱི་ལོ་རེད། འདས་པའི་ལོ་ལྔའི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སྟེ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་དབུ་ཁྲིད་འོག རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་སྒྱུར་བཅོས་འཕེལ་རྒྱས་དང་བརྟན་གནས་ཀྱི་ལས་འགན་དཀའ་ཚེགས་ཆེ་བ་དང་ལྗིད་པོར་ཁ་ཕྱོགས་ནས། ང་ཚོས་བརྟན་པོའི་ངང་ནས་འཕེལ་རྒྱས་ཡོང་བར་བྱེད་པའི་ལས་ཀའི་སྤྱི་ཡོངས་ཀྱི་བྱེད་ཕྱོགས་མུ་མཐུད་མཐའ་འཁྱོངས་དང་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ། དེང་དུས་དང་ཕུགས་རྒྱང་ལ་ཕན་པའི་སྒྱུར་བཅོས་འཕེལ་རྒྱས་གཏོང་ཐབས་རབ་དང་རིམ་པ་དོན་འཁྱོལ་བཅས་བྱས་པས། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་དུ་གཏན་འཁེལ་བའི་དམིགས་འབེན་དང་ལས་འགན་འགྲུབ་ཐུབ་ཡོད། གཅིག་ནས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་མགྱོགས་ཙམ་བཏང་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་སུ་7.8%འཕར་ཏེ། དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་གནས་ཐུབ་པ་དང་། འཛམ་གླིང་གི་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་རྒྱལ་ཁབ་ཆེན་པོ་གཙོ་བོར་གྱུར་པ་རེད། གཉིས་ནས་གྲུབ་ཚུལ་ལེགས་སྒྲིག་ལ་མཚོན་རྟགས་ལྡན་པའི་ཡར་རྒྱས་བྱུང་ཡོད། ཞབས་ཞུའི་ལས་རིགས་ཐོན་ལས་ཨང་དང་པོར་གྱུར་པ་དང་། བཟོ་ལས་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་ཇེ་ཟབ་དང་། ཞིང་ལས་ཕྱོགས་བསྡུས་ཀྱིས་ཐོན་སྐྱེད་བྱེད་ནུས་མངོན་གསལ་ཆེ་རུ་སོང་ཡོད། འཛད་སྤྱོད་ནི་དཔལ་འབྱོར་འཕེལ་བའི་འདེགས་སྐྱོར་གྱི་སྟོབས་ཤུགས་གཙོ་བོར་གྱུར་པ་དང་། མི་འབོར་གྱི་ཕྱེད་ཀ་ཡན་ལས་བརྒལ་བ་གྲོང་ཁྱེར་དང་གྲོང་རྡལ་དུ་གནས་བཅས་ཡོད། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་འགྲོ་ཚད་18.2%ཆག་པ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་12%ཡན་ཉུང་དུ་སོང་ཡོད།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】