མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལས་དོན་ལེགས་པར་བསྒྲུབས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་མངོན་གྱུར་བྱེད་དགོས་ན། ངེས་པར་དུ་ཕྱོགས་གསུམ་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་འཕེལ་རྒྱས་ཀྱི་ལས་འགན་དང་པོ་ཡིན་པ་དམ་འཛིན་བྱས་ཏེ་གློད་མི་རུང་། འཕེལ་རྒྱས་ནི་འགྱུར་མེད་གནས་ལུགས་ཡིན་ལ། རང་རྒྱལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་གནད་འགག་ཀྱང་ཡིན། སླད་ཕྱིན་ལོ་ལྔ་ནི“འབྲིང་རིམ་ཡོང་འབབ་ཀྱི་རྒྱ་རྙི”ལས་བརྒལ་བའི་དུས་རིམ་གལ་ཆེན་ཡིན་ཞིང་། འགལ་བ་དང་ཉེན་ཁ་སྣ་ཚོགས་མངོན་གསལ་མང་དུ་ཕྱིན་ཡོད། འཕེལ་རྒྱས་ནི་ཆུ་ཐོག་གྲུ་གཟིངས་གྱེན་གཏོང་དང་འདྲ་སྟེ། གྱེན་དུ་མ་བཏང་ན་ཕྱིར་བཤོལ་ཐེབས་ངེས་རེད། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པར་འཕེལ་རྒྱས་འགྲོ་བའི་སྐུལ་སྤེལ་དང་། འགྲན་རྩོད་ལ་ཁ་གཏད་ཡག་པོར་བཅལ་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་འདི་རྦ་རླབས་གཤགས་ཏེ་མདུན་ལ་བསྐྱོད་དུ་འཇུག་རྒྱུ། གཉིས་ནས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ཤུགས་ཆེན་བྱེད་རྒྱུ། དེང་སྐབས་འཕེལ་རྒྱས་ཁྲོད་དུ་བསྡོམས་འབོར་གྱི་གནད་དོན་དང་གྲུབ་ཚུལ་རང་བཞིན་གྱི་གནད་དོན་མཉམ་དུ་གནས་ཡོད་པ་དང་། གྲུབ་ཚུལ་རང་བཞིན་གྱི་གནད་དོན་ལྷག་པར་མངོན་གསལ་ཆེ་བས། སྒྱུར་བཅོས་ཀྱི་ཐབས་ལ་བརྟེན་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་རྒྱུ། སྤྱིའི་དགོས་མཁོ་རྒྱ་སྐྱེད་འཚམ་པོ་གཏོང་བ་དང་མཉམ་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་བོར་དམ་འཛིན་བྱས་ནས། འཕྲི་ཐབས་སྤྱོད་ལ་སྣོན་ཐབས་ཀྱང་སྤྱད་དེ། ཕན་མེད་དང་དམའ་ཞན་གྱི་འདོན་སྤྲོད་ཉུང་འཕྲི་བྱེད་དགོས་པ་དང་། ཕན་ཡོད་དང་འབྲིང་གྲས་རྩེ་གྲའི་མཁོ་སྤྲོད་རྒྱ་བསྐྱེད་དགོས། སྤྱི་པའི་ཐོན་རྫས་དང་སྤྱི་པའི་ཞབས་ཞུ་འདོན་སྤྲོད་ཇེ་མང་དུ་གཏོང་དགོས་ཤིང་། སྤྲོད་མཁོ་མཉམ་སྒྲུབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་དང་། རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་ཐོན་སྐྱེད་བྱེད་ཚད་ཇེ་མཐོར་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་མ་ཆད་པར་བཅིངས་འགྲོལ་དང་གོང་དུ་སྤེལ་རྒྱུ། གསུམ་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་རྙིང་རྒྱུན་མཐུད་བརྗེ་སྤོ་ཇེ་མགྱོགས་སུ་རྒྱག་རྒྱུ། དཔལ་འབྱོར་གོང་འཕེལ་གཏོང་བར་སྒུལ་ནུས་གསར་རྙིང་རྒྱུན་མཐུད་བརྗེ་པོ་རྒྱག་རིམ་ཐོན་ངེས་ཡིན་ཞིང་། སྲོལ་རྒྱུན་གྱི་སྒུལ་ནུས་དྲགས་པ་ནས་ཞན་པར་འགྱུར་སྐབས། སྒུལ་ནུས་གསར་པའི་སྟོབས་ཤུགས་གློ་བུར་ཐོན་ཏེ་སྲོལ་རྒྱུན་གྱི་སྒུལ་ཤུགས་དང་རིགས་བསྒྱུར་ཡོང་བར་བྱས་ཏེ། “སྒུལ་ཤུགས་ཟུང་ལྡན”གསར་པ་ཆགས་པར་བྱས་ཚེ། གཞི་ནས་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་དང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་ཐུབ། མིག་སྔར་རང་རྒྱལ་གྱི་གོང་འཕེལ་ནི་དེ་ལྟ་བུའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། ངེས་པར་དུ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་འགྱུར་བར་བྱས་ཏེ། དཔལ་འབྱོར་གསར་པ་གོང་འཕེལ་མགྱོགས་སུ་གཏོང་རྒྱུ། ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་མགྱོགས་མྱུར་དར་བར་བྱེད་རྒྱུ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པར་བརྟེན་ནས་དཔལ་འབྱོར་གོང་འཕེལ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། མཉམ་སྤྱོད་སྟེགས་བུ་འཛུགས་སྐྱོང་དང་། ལག་རྩལ་མཐོ་བའི་ཐོན་ལས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་སོགས་གསར་དར་ཐོན་ལས་མང་འདུས་ཆེར་སྐྱེད་བྱས་ཏེ། སྒུལ་ཤུགས་སྟོབས་ཆེན་ལྡན་པའི་སྒུལ་ནུས་གསར་པ་གཏོད་རྒྱུ། ཆ་འཕྲིན་དྲ་སྦྲེལ་སོགས་དེང་རབས་ལག་རྩལ་ལ་བརྟེན་ནས། ཐོན་སྐྱེད་དང་། དོ་དམ། ཚོང་གཉེར་བཅས་ཀྱི་བྱེད་སྟངས་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཐོན་ལས་མུ་འབྲེལ་དང་། མཁོ་སྤྲོད་མུ་འབྲེལ། རིན་ཐང་མུ་འབྲེལ་བཅས་བསྐྱར་བཟོ་བྱེད་པ་དང་། སྲོལ་རྒྱུན་གྱི་སྒུལ་ནུས་བསྒྱུར་བཀོད་དང་རིམ་པ་སྤར་ནས། དེའི་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འདོན་སྤེལ་བྱེད་རྒྱུ།
         གཞི་རྩའི་ཆ་ནས་བཤད་ན། འཕེལ་རྒྱས་ཀྱི་རྫོགས་མཐའ་མེད་པའི་སྟོབས་ཤུགས་ནི་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་གནས་ཡོད། ངལ་རྩོལ་ནུས་ཤུགས་དུང་ཕྱུར་9དང་། མཐོ་རིམ་སློབ་གསོ་ཐོབ་མྱོང་བ་དང་ཆེད་ལས་ཀྱི་ལག་རྩལ་ཤེས་པའི་ཤེས་ལྡན་མི་སྣ་དུང་ཕྱུར་1ལྷག་ཙམ་ནི་ང་ཚོའི་ཐོན་ཁུངས་དང་བཟང་ཆ་ཆེ་ཤོས་ཡིན། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཐུབ་པ་དང་། གོང་དུ་འཕེལ་བར་བྱེད་རྒྱུ་དེ་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་དང་ཚན་རྩལ་ཡར་ཐོན་ལ་སྔར་བས་མང་པོར་བརྟེན་པ་ནི། ཟུག་གཟེར་ལྡན་པའི་ལེགས་སྒྲིག་བྱེད་རིམ་ཡིན་ལ། རེ་བས་ཁེངས་པའི་རིམ་པ་སྤོར་རིམ་ཡང་ཡིན་པས། འགག་སྒོ་འདི་ལས་ཐར་ན། ཀྲུང་གོའི་དཔལ་འབྱོར་སླར་ཡང་གསོན་ཤུགས་རྒྱས་ཏེ་འོད་སྟོང་ལྡན་པའི་གྲུབ་འབྲས་ཐོབ་ངེས་རེད།
         མ་འོངས་པའི་ལོ་ལྔ་ལ་རྒྱང་ལྟ་བྱས་པ་ན། ང་ཚོར་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཀྱིས་ཁེངས་ཡོད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་དུས་ཐོག་ཏུ་མངོན་འགྱུར་ཡོང་ཞིང་། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་མདུན་ལྗོངས་སྔར་བས་འོད་སྟོང་ལྡན་ངེས་རེད།
         གསུམ། 2016ལོའི་ལས་དོན་གཙོ་བོ།
          ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཕམ་ཐག་གཅོད་དུས་རིམ་འགོ་བརྩམས་པའི་ལོ་ཡིན་ལ། གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་བྱེད་པའི་འགག་སྒྲོལ་གྱི་ལོའང་ཡིན། སྲིད་གཞུང་གི་ལས་དོན་ལེགས་པར་བསྒྲུབས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེངས་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཐོག “སྣ་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་པ་ལྟར། བསྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་སྣེ་འདྲེན་རྒྱུན་འཁྱོངས། བརྟན་པོའི་ངང་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་སྤྱིའི་བསམ་གཞི་རྒྱུན་འཁྱོངས་བཅས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་འཚམ་པ། སྤྱི་ཁོག་སྲིད་ཇུས་བརྟན་བརླིང་དང་། ཐོན་ལས་སྲིད་ཇུས་གནད་འཁེལ།ཕྲ་མཐོང་སྲིད་ཇུས་སྐབས་བསྟུན། བསྒྱུར་བཅོས་སྲིད་ཇུས་དངོས་འབེབས། སྤྱི་ཚོགས་ཀྱི་སྲིད་ཇུས་འདེགས་སྐྱོར་བཅས་ཀྱི་སྤྱིའི་བསམ་གཞི་ལག་བསྟར་བྱེད་དགོས། བརྟན་པོར་འཕར་བ་དང་གྲུབ་ཚུལ་ལེགས་སྒྲིག་དོ་མཉམ་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་སྟོང་དུ་རྒྱུན་གནས་ཐུབ་པར་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བསྒྱུར་བཅོས་གང་ཐུབ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་། སྲོལ་རྒྱུན་གྱི་བསྡུར་མངོན་དགེ་མཚན་ལྡན་པར་བསྒྱུར་བཀོད་རིམ་སྤོར་བཅས་བྱེད་པ་དང་། ཐོན་ནུས་འདོར་བ་དང་། མཛོད་ཉར་འདོར་བ། བཀན་ཤིང་འདོར་བ། མ་གནས་གཅོག་པ། ཞན་ཆ་གསབ་པ་བཅས་དམ་འཛིན་བྱེད་དགོས་པ། དམངས་འཚོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ཉམས་ཉེན་སྔོན་འགོག་ཚོད་འཛིན་ཏན་ཏིག་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་ཡག་པོར་རྩོམ་རྒྱུ།
           ད་ལོར་འཕེལ་རྒྱས་གཏོང་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.5%ནས་7%བར་འཕར་བར་བྱེད་རྒྱུ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀར་ཞུགས་མི་ཁྲི་1000ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚུན་ཚོད་འཛིན། ཕྱིར་གཏོང་ནང་འདྲེན་བསྐྱར་བརྟན་བཟང་འགྱུར།རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཐོག་དོ་མཉམ་ཡོང་བ། གྲོང་མིའི་ཡོང་སྒོ་འཕར་ཚུལ་དེ་དཔལ་འབྱོར་འཕེལ་རྒྱས་དང་རྩ་བའི་ཆ་ནས་དུས་མཉམ་ཡོང་བ་བཅས་བྱེད་རྒྱུ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྩིས་གཞི་རེའི་ནུས་ཁུངས་ཟད་གྲོན་3.4%ཡན་ཆག་པ་དང་། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་ཇེ་ཉུང་དུ་གཏོང་རྒྱུ།
          དཔལ་འབྱོར་འཕེལ་བའི་སྔོན་དཔག་དམིགས་འབེན་6.5%ནས་7%བར་ཡིན་པ། དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་དང་སྦྲེལ་མཐུད་བྱེད་པར་བསམ་བློ་བཏང་བ་དང་། གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་བྱེད་པའི་དགོས་མཁོར་བསམ་བློ་བཏང་ཡོད་པས། ཚོང་རའི་སྔོན་དཔག་བརྟན་འཇགས་དང་ཁྲིད་སྟོན་བྱེད་པར་ཡང་ཕན་ཐོགས་ཡོད། བརྟན་པོའི་སྒོ་ནས་འཕར་བར་བྱེད་པ་ནི་གཙོ་བོ་ལས་ཞུགས་འགན་སྲུང་དང་དམངས་འཚོར་ཕན་པའི་ཆེད་དུ་ཡིན། 6.5%ནས་7%བར་གྱི་འཕར་སྣོན་མྱུར་ཚད་ཀྱིས་ལས་ཞུགས་ཅུང་ཟད་ལེགས་པོ་ཡོང་བར་བྱེད་ཐུབ།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】