མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གི་2016ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་02ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          (དྲུག)ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ལ་འགག་གནད་ལས་སྒྲོལ་ཐུབ་པར་བྱེད་རྒྱུ། སྦགས་བཙོག་བཅོས་སྐྱོང་དང་། ཁོར་ཡུག་སྲུང་སྐྱོང་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཐུག་པས། ངེས་པར་དུ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་ལེགས་བཅོས་གཉིས་ཕན་གྱི་ལམ་བུར་བློ་ཐག་རྦད་ཆོད་ཀྱིས་བགྲོད་ཐུབ་པར་བྱེད་རྒྱུ།
         མཁའ་རླུང་སྨུག་རྡུལ་དང་ཆུའི་སྦགས་བཙོག་བཅོས་སྐྱོང་ཤུགས་ཆེན་བྱེད་རྒྱུ། ད་ལོར་རྫས་འགྱུར་གྱི་དབྱང་མཁོ་ཚད་དང་། ཨན་ཏཱན་འབུད་སྐྱུར་བྱེད་ཚད་སོ་སོར་2%ཆག་པ་དང་། དབྱང་གཉིས་ཐཱན་རྫས་དང་ཏཱན་དབྱང་འགྱུར་རྫས་འབུད་སྐྱུར་བྱེད་ཚད་སོ་སོར་3%ཆག་པར་བྱེད་རྒྱུ། ས་ཁུལ་གཙོ་བོའི་ཕྲ་རྡུལ(PM2.5)གར་ཚད་མུ་མཐུད་ཆག་པར་བྱེད་རྒྱུ། སོལ་སྤར་འབུད་སྐྱུར་དང་འཁོར་རིགས་ཀྱི་འབུད་སྐྱུར་ཇེ་ཉུང་དུ་གཏོང་བའི་དམ་འཛིན་གང་ཐུབ་བྱེད་རྒྱུ། རྡོ་སོལ་གཙང་མ་ཕན་ནུས་ཆེ་བར་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། རྡོ་སོལ་སིལ་མ་བེད་སྤྱོད་ཉུང་དུ་གཏོང་རྒྱུ་དང་། གློག་གིས་རྡོ་སོལ་གྱི་ཚབ་དང་། རླངས་ཀྱིས་རྡོ་སོལ་གྱི་ཚབ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ། སོལ་སྤར་གློག་འདོན་ཁང་གི་འབུད་སྐྱུར་ཆེས་ཉུང་དང་ནུས་གྲོན་བསྒྱུར་བཀོད་ཁྱོན་ཡོངས་ནས་བྱེད་རྒྱུ། བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མི་འཚམ་པའི་སོལ་སྤར་ཁྲོ་ཐབ་མགྱོགས་པོར་དོར་རྒྱུ། རང་བྱུང་སོལ་རླངས་མཁོ་སྤྲོད་ཁ་སྣོན་བྱེད་རྒྱུ་དང་། རླུང་ནུས། ཉི་ནུས། སྐྱེ་དངོས་ནུས་རྒྱུ་སོགས་འཕེལ་རྒྱས་གཏོང་བའི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ནུས་ཁུངས་གཙང་མའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ། སོག་མ་ཐོན་ཁུངས་ཅན་དུ་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པར་སྐུལ་མ་གཏོང་བ་དང་། ཐད་ཀར་མེར་བསྲེག་ཇེ་ཉུང་དུ་གཏོང་རྒྱུ། འཁོར་སྤྱོད་འབར་སྣུམ་རྒྱལ་ཁབ་ཀྱི་ཚད་གཞི་ལྔ་པར་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་། རྟགས་སེར་རླངས་འཁོར་དང་རླངས་འཁོར་རྙིང་པ་ཁྲི་380 མེད་པར་བཟོ་རྒྱུ། ས་ཁོངས་གཙོ་གནད་དུ་མཁའ་རླུང་གི་སྦགས་བཙོག་མཉམ་འགོག་མཉམ་འདོམས་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་བཅོས་སྒྲིག་ཆས་འཛུགས་སྐྲུན་དང་བསྒྱུར་བཀོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་དང་བཞུར་རྒྱུད་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཟོ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བཙོག་འབུད་ཁེ་ལས་ལ་ཕྱོགས་ཡོངས་ནས་དྲ་ཐོག་ཏུ་དཔྱད་འཇལ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་དགའ་ཆད་གཅོད་གསལ་པོ་འབྱེད་ཐུབ་པ་བྱ་རྒྱུ། བཟོ་བཅོས་བརྒྱབ་མ་ཐག་པའི་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ངེས་པར་དུ་ལག་བསྟར་ནན་པོར་བྱེད་རྒྱུ་དང་། འབུད་སྐྱུར་ཚད་བརྒལ་དང་ལྐོག་ཏུ་འབུད་སྐྱུར་མཁན་ལ་ངེས་པར་རྡུང་རྡེག་ནན་པོར་བཏང་ནས། ངན་ལངས་རྒྱ་ཡན་དུ་གཏོང་མཁན་ངེས་པར་དུ་བདའ་འདེད་ནན་པོ་གཏོང་རྒྱུ།
          ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། ལྗང་མདོག་གི་ཁོར་ཡུག་སྲུང་སྐྱོང་ཚད་གཞི་ཁེབས་ཁྱོན་ཆེ་རུ་གཏོང་རྒྱུ། རྒྱབ་སྐྱོར་གྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པའི་སྔོན་ཐོན་ལག་རྩལ་སྒྲིག་ཆས་ཁྱབ་གདལ་དུ་གཏོང་བར་རྒྱབ་སྐྱོར་དང་། གན་བཞག་ནུས་ཁུངས་དོ་དམ་དང་ཁོར་ཡུག་སྦགས་བཙོག་ཕུང་གསུམ་པས་བཅོས་སྐྱོང་བྱེད་ཁྱོན་ཁྱབ་སྤེལ་གཏོང་རྒྱུ། ཨར་ལས་ཀྱི་ནུས་གྲོན་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་དེ་ལྗང་མདོག་ཏུ་བསྒྱུར་བཀོད་མགྱོགས་སུ་གཏོང་རྒྱུ། དམངས་ཡོངས་ཀྱིས་ནུས་ཁུངས་གྲོན་ཆུང་དང་ཆུ་གྲོན་ཆུང་གི་བྱེད་སྒོ་སྤེལ་བ་དང་། གད་སྙིགས་རིགས་དབྱེ་གཙང་སེལ་ལ་སྐུལ་འདེད་གཏོང་རྒྱུ། བསྐྱར་སྐྱེ་ཐོན་ཁུངས་ཕྱིར་བསྡུ་བཀོལ་སྤྱོད་ཀྱི་དྲ་སྦྲེལ་འཐུས་ཚང་དུ་བཏང་སྟེ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དེ་རང་རྒྱལ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་གི་ཐོན་ལས་ཆེན་པོར་འགྱུར་བའི་སྐྱེད་སྲིང་བྱེད་རྒྱུ།
           སྐྱེ་ཁམས་ཉེན་ཡོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། སྐྱེ་ཁམས་སྲུང་སྐྱོང་གི་གུན་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱིས་གཅོད་རིགས་མཚམས་འཇོག་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཐད་ཁ་གསབ་རོགས་དངུལ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་ཁག་གསར་པ་ལག་བསྟར་བྱེད་རྒྱུ། ས་འོག་གི་ཆུ་བཏོན་དྲགས་ཁུལ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་ཚོད་ལྟ་དང་། འདམ་ར་སོགས་སྣོད་བཅུད་སྲུང་སྐྱོང་དང་བསྐྱར་གསོའི་ལས་གཞི་ལག་བསྟར། ཐང་རྒོད་ཅན་དང་བྱེ་རྡོ་ཅན་དུ་འགྱུར་བ་དང་། ས་ཆུ་ཤོར་ཚུལ་མུ་མཐུད་བཅོས་སྐྱོང་བཅས་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་མི་ཚང་མའི་འོས་འགན་ཡིན་པས། སྤྱི་ཚོགས་ཀྱི་ཁོངས་མི་ཚང་མས་རང་འགུལ་ངང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་ནུས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
         (བདུན)དམངས་འཚོ་ལེགས་བཅོས་འགན་ལེན་ཏན་ཏིག་དང་། སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་སྐྱོང་གནད་འགག་དམངས་འཚོའི་རྩ་བར་ཐུག་པ་ང་ཚོས་མ་བརྗེད་པར་ཡིད་ལ་བརྟན་པོར་བཅངས་ཏེ་དམངས་འཚོའི་ཁེ་ཕན་མང་ཙམ་དོན་གཉེར་དང་། དམངས་འཚོའི་སྡུག་བསྔལ་མང་ཙམ་སེལ་རྒྱུ། ནོར་སྲིད་ཀྱི་ཡོང་འབབ་འཕར་ཚུལ་དལ་ནའང་མང་ཚོགས་ཀྱི་བསྒྲུབ་དགོས་པའི་དོན་དངོས་གཅིག་ཀྱང་ཉུང་དུ་གཏོང་མི་རུང་།
           ལས་ཞུགས་དང་བྱ་གཞག་གསར་གཏོད་བྱེད་ཁྱོན་གཏོད་གང་ཐུབ་བྱེད་རྒྱུ། དགེ་མཚན་སྔར་ལས་ཆེ་བའི་ལས་ཞུགས་སྲིད་ཇུས་ལག་བསྟར་དང་། ལས་སྒོ་གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པར་བྱེད་རྒྱུ། ད་ལོར་མཐོ་རིམ་སློབ་ཆེན་གྱི་སློབ་ཐོན་སློབ་མ་མི་གྲངས་ཁྲི་765ཙམ་ཟིན་རྒྱུ་རེད། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དང་ལས་སྒོ་གསར་གཏོད་ཀྱི་སྣེ་ཁྲིད་འཆར་གཞི་དོན་འཁྱོལ་ཡག་པོར་བྱེད་པ་དང་། ཐབས་ལམ་སྣ་ཚོགས་ཀྱི་ལས་ཞུགས་དང་ལས་སྒོ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ། ལས་ཤོར་འགན་བཅོལ་ཐེབས་རྩ་ལྷག་འཕྲོ་བེད་སྤྱོད་ཡག་པོར་བྱེད་རྒྱུ་དང་། ལས་ཞུགས་ཀྱི་མ་དངུལ་འབོར་གྲངས་ཆེ་རུ་གཏོང་རྒྱུ། ཁེ་ལས་ཀྱི་ལས་བྲལ་ལས་བཟོ་པའི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་བསྐྱར་མ་བྱེད་པའི་ལས་ཀ་ཡག་པོར་བསྒྲུབ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀར་ཞུགས་པར་དཀའ་ངལ་ཡོད་མཁན་ལ་འདེགས་སྐྱོར་ཀྱི་རོགས་རམ་མཁོ་འདོན་བྱེད་རྒྱུ། ཞིང་པ་ལས་མི་ཐེངས་གྲངས་ཁྲི་2100ཡན་ལ་ལས་རིགས་ཀྱི་ནུས་རྩལ་ཆེ་རུ་གཏོང་བའི་གསོ་སྦྱོང་བྱེད་འགན་ལེགས་སྒྲུབ་བྱ་རྒྱུ། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམག་ཞབས་འཐིམས་པའི་དམག་མི་བཀོད་སྒྲིག་དང་ལས་ཞུགས། ལས་སྒོ་གསར་གཏོད་བཅས་ཀྱི་ཞབས་ཞུའི་ལས་དོན་ཏན་ཏིག་བསྒྲུབ་རྒྱུ།
          སྤུས་ཚད་སྔར་ལས་མཐོ་ཞིང་སྔར་ལས་དྲང་གཞག་གི་སློབ་གསོ་གོང་འཕེལ་གཏོང་རྒྱུ། སློབ་གསོ་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་དམངས་ཀྱི་རེ་སྨོན་འགྲུབ་བྱེད་ཡིན་པས། སྤྱི་པའི་སློབ་གསོར་མ་དངུལ་འཇོག་རྒྱུ་དེ་དབུས་ནུབ་རྒྱུད་དང་། མཐའ་མཚམས། དབུལ་ཕོངས་ས་ཁུལ་བཅས་སུ་ཕྱོགས་ཆ་ལྡན་པར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་སྲོལ་གཅིག་གྱུར་བྱེད་པ་དང་། ཆ་རྐྱེན་ཞན་པའི་སློབ་གྲྭ་དང་ཞག་སྡོད་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་། དམིགས་བསལ་སློབ་གསོ་ཡག་པོར་གཉེར་རྒྱུ། དེང་རབས་ཀྱི་ལས་རིགས་སློབ་གསོ་གོང་སྤེལ་ཤུགས་ཆེན་གཏོང་བ་དང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་རྩག་རྩིག་རྩ་ཆག་གཏོང་བར་རིགས་དབྱེ་སྐུལ་འདེད་གཏོང་རྒྱུ། ཁྱིམ་ཚང་དབུལ་ཕོངས་ཀྱི་སློབ་མར་སློབ་འབྲིང་དཀྱུས་མའི་སློབ་ཡོན་སྔོན་ལ་རྩ་ཆག་གཏོང་རྒྱུ། གྲོང་གསེབ་ཀྱི་དགེ་རྒན་ཐོབ་ཆ་ལེགས་སུ་གཏོང་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ། རྒྱང་འཁྲིད་སློབ་གསོར་སྐུལ་འདེད་མགྱོགས་སུ་བཏང་ནས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཁེབས་ཁྱོན་ཇེ་ཆེར་གཏོང་རྒྱུ། མཐོ་རིམ་སློབ་གྲྭའི་སློབ་ཁྲིད་ཆུ་ཚད་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས། ཆ་རྐྱེན་འཛོམས་པའི་དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་མཁོ་ཆོད་ཅན་དུ་བསྒྱུར་བའི་སྐུལ་འདེད་གཏོང་རྒྱུ། གཙོ་གནད་མཐོ་རིམ་སློབ་ཆེན་གྱིས་དབུལ་ཕོངས་ས་ཁུལ་དང་གྲོང་གསེབ་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བའི་གཞི་ཁྱོན་མུ་མཐུད་ནས་ཆེ་རུ་གཏོང་རྒྱུ། ཞིང་པ་ལས་མིའི་མཉམ་ཁྲིད་བུ་ཕྲུག་ས་གནས་དེ་རང་དུ་སློབ་ཞུགས་དང་སློབ་རིམ་སྤོར་བའི་རྒྱུགས་ལེན་ལ་ཞུགས་པའི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་རྒྱུ། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་ཡོང་བར་བྱེད་རྒྱུ། སློབ་གསོར་བརྟེན་ནས་སློབ་མའི་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་རིགས་ཁག་གི་བྱང་ཚད་མཐོ་བའི་གསར་གཏོད་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་ལ་གཙིགས་ཆེན་བྱ་རྒྱ། ཁྱིམ་ཚང་ནས་སློབ་གྲྭ་དང་། སྲིད་གཞུང་ནས་སྤྱི་ཚོགས་བཅས་པ་ཚང་མས་ཕྲུ་གུ་རྣམས་ཉེན་མེད་བདེ་ཐང་ངང་འཚར་ལོངས་དང་། ཤེས་ལྡན་པར་འགྱུར་བའི་འགན་འཁྲི་འཁུར་ཏེ། ཐུན་མོང་ཐོག་མ་འོངས་པའི་རེ་བར་འདེགས་སྐྱོར་བྱེད་དགོས།
           སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་བཅོས་བཅས་མཉམ་འགུལ་གྱི་སྒྱུར་བཅོས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ། བདེ་ཐང་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན། ད་ལོར་ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་ཀུན་ལ་ཁྱབ་པར་བྱེད་རྒྱུ་དང་། སྲིད་གཞུང་གིས་འཇོག་བྱ་ཇེ་མང་དུ་བཏང་ནས། ནད་གཞི་ཆེ་རིགས་ཕོག་པའི་ནད་པ་སྔར་ལས་མང་པོའི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་160བཀོད་སྒྲིག་བྱེད་རྒྱུ་ཡིན་པས། 9.6%འཕར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྡེབ་སྒྲིག་བྱས་ཏེ། ནོར་སྲིད་ཀྱི་གསབ་ཆའི་ཚད་གཞི་ལོ་རེར་མི་རེར་སྒོར་380ནས་སྒོར་420བར་མཐོ་རུ་གཏོང་རྒྱུ། སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་བྱེད་ཐབས་སྒྱུར་བཅོས་བྱེད་པ་དང་། མ་མཐའི་སྨན་བཅོས་འགན་བཅོལ་རྒྱལ་ཡོངས་དྲ་སྦྲེལ་དང་གཞན་ཡུལ་དུ་སྨན་བཅོས་རྩིས་ཞུ་མགྱོགས་སུ་གཏོང་རྒྱུ། གཞུང་གཉེར་སྨན་ཁང་ཕྱོགས་བསྡུས་ཀྱིས་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར་གྱི་ཁྱབ་ཁྱོན་ཆེ་རུ་གཏོང་རྒྱུ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་དང་། སྨན་རིགས་འཁོར་སྐྱོད་སོགས་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། སྨན་རྫས་དང་སྨན་བཅོས་ཡོ་བྱད་དཔྱད་ཞིབ་མཆན་འགོད་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། མཁོ་ཆོད་སྨན་པ་དང་བྱིས་ནད་སྨན་པ་གསོ་སྐྱོང་མགྱོགས་སུ་གཏོང་རྒྱུ། ས་ཁུལ་དང་གྲོང་ཁྱེར་70%ཡས་མས་སུ་རིམ་དབྱེའི་སྨན་བཅོས་ཚོད་ལྟ་བྱེད་རྒྱུ། མ་མཐའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་ཐད་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་མི་རེར་ཆ་སྙོམས་སྒོར་40ནས་སྒོར་45བར་མཐོ་རུ་གཏོང་བ་དང་། སྨན་བཅོས་ཐོན་ཁུངས་གཞི་རིམ་དང་གྲོང་གསེབ་ཏུ་འགྲོ་སྐྱོད་ཐུབ་པར་བྱེད་རྒྱུ། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བར་བསྔགས་སྐུལ་བྱེད་རྒྱུ་དང་། ཀྲུང་ལུགས་ཀྱི་སྨན་དང་སྨན་བཅོས་དང་། མི་རིགས་ཀྱི་སྨན་དང་སྨན་བཅོས་ལས་རིགས་གོང་འཕེལ་གཏོང་རྒྱུ།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】